ལམ་སྲོལ་ཆ་ཤས།
Elements
-
དགྲ་མེད་རྩེ་རྔ་འཆམ།
2008
དགྲ་མེད་རྩེ་རྔ་འཆམ་འདི་ གཏེར་སྟོན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པའི་གཏེར་ཆོས་ཀྱི་ཁོངས་གཏོགས་ གར་འཆམ་ཁྱད་དུ་འཕགས་པ་ཅིག་ཨིན། འ་ནི་འཆམ་འདི་ འབྲུག་གི་གར་འཆམ་ཚུ་ལས་ཐུན་མོང་མ་ཡིན་པ་དང་ མཆོག་ཏུ་འགྱུར་ཅིང་ འབྲུག་རྒྱལ་ཁབ་ཀྱི་ནང་ན་ལས་བྱུང་པའི་གར་འཆམ་ངོ་མ་ཅིག་ལུ་ ངོས་འཛིན་འབདཝ་ཨིན། ཁྱིམ་ཚང་ཧི་མཱ་ལ་ཡའི་གངས་བརྒྱུད་ནང་ ནང་པའི་ཆོས་ལུགས་དང་ཡིད་ཆེས། ལམ་སྲོལ་དང་གོམས་གཤིས་ ཆ་མཚུངས་པ་ལེ་ཤ་ཡོད་དེ་འབད་རུང་ དགྲ་མེད་རྩེ་རྔ་འཆམ་འདི་ སྐུ་འཆམ་གཞན་ཚུ་ལས་ཁྱད་དུ་འཕགས་པ་ཅིག་ཨིན། འདི་ཡང་ དུས་རབས་ ༡༦ པ་འཚམས་ལུ་ མོང་སྒར་རྫོང་ཁག དགྲ་མེད་རྩེ་རྒེད་འོག་ དགྲ་མེད་རྩེ་དགོན་པའི་ནང་ འགོ་ཐོག་དང་པ་གཞི་བཙུགས་འབད་བའི་ཉིན་མ་ལས་ ད་ལྟོ་ཚུན་ དགྲ་མེད་རྩེ་རྔ་འཆམ་འདི་ འབྲུག་པའི་ལམ་སྲོལ་གྱི་གོམས་གཤིས་ ཁྱད་པར་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ་མ་ཚད་ ལྷག་པར་དུ་ དགྲ་མེད་རྩེ་མི་སྡེའི་ངོ་རྟགས་སྟོན་པའི་ གར་འཆམ་གཙོ་བོ་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། སྤྱི་ལོ་ ༡༥༡༨ ལོ་ལུ་ ཨ་ཎེ་མཆོད་རྟེན་བཟང་མོའི་སྐུ་མཆེད་ མདོ་སྔགས་གཞུང་ལུགས་ཀུན་ལུ་མཁས་པ་ཨིནམ་མ་ཚད་ མཁས་གྲུབ་གཉིས་ལྡན་དང་ ལྷག་པར་དུ་གསང་སྔགས་ཟབ་མོའི་ཆོས་ལུ་མངའ་བརྙེས་ནས་ ཨྱོན་རིན་པོ་ཆེ་དང་ལན་གྲངས་ལེ་ཤ་ཅིག་དངོས་མཇལ་བྱུང་མི་ མཁས་གྲུབ་ཀུན་དགའ་རྒྱལ་མཚན་ནམ་ མཁས་གྲུབ་ཀུན་དགའ་སྙིང་པོ་ཟེར་ཞུ་མི་འདི་ དགྲ་མེད་རྩེ་ལུ་གྲུབ་པ་ཉམས་ལེན་གནང་བཞུགས་པའི་སྐབས་ ཚར་གཅིག་འབདཝ་ད་ གོས་ཆེན་སྣ་ལྔས་བརྒྱན་དུ་གསོལ་ཞིང་ གཡུ་བྱུ་རུ་ལ་སོགས་པ་ རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་འགྲོ་མ་ མཛེས་ཤིང་ཡིད་དུ་འོང་བ་གསུམ་ གཟིམ་ལམ་ནང་བྱོན་ཏེ་ ཁོང་གསུམ་པོ་གིས་ ཁོ་ར་གུ་རུ་རིན་པོ་ཆེའི་ཞིང་ཁམས་རང་བྱུང་སྤྲུལ་པའི་ཕོ་བྲང་ཆེན་པོ་ ཟངས་མདོག་དཔལ་རི་ལུ་ པདྨའི་ཁྲི་སྟེང་བཞུགས་པའི་དེ་གཤེགས་ཀུན་འདུས་ ཨྱོན་ཆོས་ཀྱི་རྒྱལ་པོ་འཇའ་ལུས་ཡེ་ཤེས་ཀྱི་སྐུར་བཞུགས་པའི་སྤྱན་སྔར་འཁྱིད་འགྱོ་ནུག། གུ་རུ་རིན་པོ་ཆེ་གིས་ མཁས་གྲུབ་ཀུན་དགའ་རྒྱལ་མཚན་ལུ་ བུ་ཁྱེད་ན་འོང་བ་ལེགས་སོ། ང་སེམས་དགའ་ཡི། ཟེར་ གསུངསམ་ད་ གུ་རུ་རིན་པོ་ཆེའི་སྐུ་མདུན་ལུ་ དཔའ་བོ་མཁའ་འགྲོའི་ཞི་ཁྲོ་དམ་པ་རིགས་ བརྒྱའི་ལྷ་ཚོགས་ གུ་རུ་རིན་པོ་ཆེའི་སྐུ་མདུན་ལུ་རྔ་འཆམ་འདི་ བརྐྱབ་ནི་འགོ་བཅུགས་ནུག། རྔ་འཆམ་འདི་མཇུག་བསྡུ་ཞིནམ་ལས་ གུ་རུ་རིན་པོ་ཆེ་གིས་མཁས་གྲུབ་ལུ་འཇིག་རྟེན་འཛམ་གླིང་ནང་ལུ་ འགྲོ་བ་རིགས་དྲུག་སེམས་ཅན་ཚུ་གི་དོན་ལུ་ རྔ་འཆམ་འདི་ཁྱོད་ཀྱིས་འགོ་བཙུགས་དགོ་ཟེར་གསུངས་ནུག། འ་ནེམ་ཅིག་གི་བར་ན་ལུ་ མཁས་གྲུབ་མཆོག་གི་གཟིམ་སྣང་རྒྱུན་ཆད་དེ་ གཟིམ་ལམ་ལས་བཞེངས་པའི་ཚེ་ གཟིམ་སྣང་ཁྱད་པར་ཅན་ཅིག་ཨིན་པར་དགོངས་ཏེ་ ཁོ་གིས་དེ་འཕྲལ་ལས་ གར་གྱི་ཉམས་དགུ་དང་ཕྱིའི་འཆམ་གྱི་ལེའུ་དང་རྩ་ཚིག ནང་གི་དམིགས་རིམ་དང་བཅས་པའི་འཆམ་གྱི་རིམ་པ་ཚུ་ ཆད་ལྷག་མེད་པར་ཐུགས་ཁར་བསྣམས་ཏེ་ དགྲ་མེད་རྩེ་ལུ་འཆམ་འདི་ འགོ་ཐོག་དང་པ་བཙུགས་གནང་ནུག། འཆམ་འདི་དཔའ་བོ་དང་ དཔའ་མོ་ཚུ་གིས་གསང་བའི་སྐུ་འཆམ་ ཁྱད་དུ་འཕགས་པ་ཅིག་ཨིནམ་ལས་ སྐུ་འཆམ་འདི་མཇལ་བ་ཙམ་གྱིས་ མི་སྡེ་ནང་ནད་ཡམས་མུ་གེ་རྩོད་ཚུ་ རང་བཞིན་གྱིས་ཞི་ཞིང་ བཀྲ་ཤིས་ལོ་ལེགས་འོང་བ་དང་། ལྷག་པར་དུ་བསྟན་དགྲ་དམ་སྲིའི་ རིགས་ཚུ་རྩ་མེད་བཏང་ཞིང་ མཐར་ཐུག་ཨྱོན་རིན་པོ་ཆེའི་གོ་འཕང་ཐོབ་པའི་ཆ་རྐྱེན་དང་ བདེ་སྐྱིད་ཀྱི་དཔལ་བསྐྱེད་པའི་ནུས་མཐུ་ཅན་གྱི་འཆམ་ཅིག་ལུ་བརྩིཝ་ཨིན། ད་ལྟོ་ཚུན་ཚོད་ རཏྣ་གླིང་པ་དང་པདྨ་གླིང་པ་གཉིས་ཀྱི་ཧེ་མ་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ ནང་པའི་བླམ་མཁན་པོ་ག་ཡང་བྱོན་པའི་ལོ་རྒྱུས་ཡིག་ཐོག་ལུ་བཀོད་བཀོདཔ་མི་འདུག། ཕལ་ཆེར་ཤར་ཕྱོགས་ཁ་ཐུག་ལུ་ དེ་བསྒང་ནང་པའི་ཆོས་ཀྱི་གཞི་འགྱམ་མ་ཚུདཔ་འོང་ནི་ཨིནམ་ལས་ དགྲ་མེད་རྩེ་རྔ་འཆམ་འདི་ དམིགས་བསལ་གྱིས་དགྲ་མེད་རྩེ་ལུ་གཞི་བཙུགས་མཛད་པའི་དགོས་དོན་ཡང་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ གསང་སྔགས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་དང་ ཆོས་མིན་གྱི་སྡེ་ལས་རྒྱལ་བའི་དོན་ལུ་ཨིན་པས། དེ་ཡང་ནང་པའི་ལུགས་ལྟར་འབད་བ་ཅིན་ རྔ་སྒྲ་འདི་ བདུད་སྡེ་ལས་རྒྱལ་བའི་བརྡ་མཚོན་ཅིག་ལུ་ཡང་ ངོས་འཛིན་འབདཝ་ཨིན་པས། རྒྱལ་རབས་ཀྱི་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ དགྲ་མེད་རྩེ་རྔ་འཆམ་འདི་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་ འབྲུག་ནུབ་ཕྱོགས་རྟ་ལོག་ལུ་ གདན་འདྲེན་ཞུ་བའི་སྐབས་རྐྱངམ་ཅིག་ དགྲ་མེད་རྩེའི་གཡུས་ཚན་ལས་ ཕྱི་ཁར་འགོ་དང་པ་གདན་དྲངས་ནུག། དེ་ལས་རིམ་པ་བཞིན་དུ་ འབྲུག་རྒྱལ་གཉིས་པའི་སྐབས་ ཀྲོང་གསར་དང་སྤ་རོ། སྒང་སྟེང་དགོན་པ་དང་བུམ་ཐང་ཨུ་ར་ཚུ་ནང་ རྔ་འཆམ་འདི་འགོ་བཙུགས་ནུག། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་ལུ་ གར་འཆམ་འདི་ འགོ་ཐོག་དངཔ་ སྤྱི་ལོ་ ༡༩༥༠ ང་གྲངས་ནང་ རྒྱ་གར་གྱི་སྲིད་བློན་དང་པ་པཎྜི་ཏ་ ཇ་ཝ་ཧར་ལཱལ་ནེ་ཧ་རུ་ (༡༨༨༩-༡༩༦༤) མཆོག་ འབྲུག་ལུ་ཆིབས་བསྐྱོད་གནང་པའི་སྐབས་ བརྐྱབ་ནི་འགོ་བཙུགས་ནུག། ད་རེས་ནངས་པ་ དགྲ་མེད་རྩེ་རྔ་འཆམ་འདི་ རྒྱལ་ཁབ་ཀྱི་མཐའ་དབུས་མེད་པའི་རྫོང་ཁག་དང་ མི་སྡེའི་ལྟེ་བ་ཚུ་གི་དུས་ཆེན་ཚུ་ནང་ མི་དམངས་སྤྲོ་སྟོན་གྱི་ལས་རིམ་གཙོ་བོ་གཅིག་ལུ་གྱུར་ཏེ་ཡོད། ད་རེས་ནངས་པ་ དགྲ་མེད་རྩེ་རྔ་འཆམ་འདི་ལུ་ ཁག་མ་འདྲཝ་གཉིས་དེ་ཅིག་ཡོད་མི་འདི་ཡང་ གཅིག་ དགྲ་མེད་རྩེ་ཨྱོན་ཐེག་མཆོག་རྣམ་གྲོལ་ཆོས་གླིང་ནང་རྐྱབ་སྲོལ་ཡོད་མི་དང་ གཞན་མི་འདི་ ས་གནས་ཁག་སོ་སོའི་དགོན་སྡེ་དང་ མི་སྡེ་ལྟེ་བ་ཚུ་ནང་རྐྱལ་སྲོལ་ཡོད་མི་འདི་ཨིན། དགྲ་མེད་རྩེ་ལུ་ སྲོལ་ཡོད་པའི་རྔ་འཆམ་ཚུ་ དུས་ཀྱི་འགྱུར་བ་དང་བསྟུན་ ལེའུ་དང་གཟུགས་ཀྱི་ཉམས་འགྱུར་གྱི་ཁྱད་ ཨ་ཙ་ར་གཉིས་ཀྱིས་སྔོན་འགྲོའི་འཆམ་ཅིག་བརྐྱབ་ནི་ཡོད། ས་གནས་ཁ་གཞན་ལུ་རྐྱབ་ཡོད་པའི་རྔ་འཆམ་ཚུ་ དུས་ཀྱི་འགྱུར་བ་དང་བསྟུན་ ལེའུ་དང་གཟུགས་ཀྱི་ཉམས་འགྱུར་གྱི་ཁྱད་པར་ཡང་ སོ་སོར་གྱུར་འགྱོ་སྟེ་ ད་རེས་ནངས་པ་འཆམ་གྱི་རྣམ་པ་ལུ་ དུམ་གྲ་ཅིག་སོ་སོ་སྦེ་སོང་སྟེ་ཡོདཔ་ཨིན་པས། དེ་སྦེ་འགྱེ་དགོ་མི་འདི་ཡང་ གཙོ་བོ་གཅིག་ འཆམ་འདི་བཙགས་ས་གཅིག་ལས་བཙགས། སློབ་དཔོན་གྱི་རྒྱུན་གཅིག་ཁོ་ན་ལས་མ་བརྒྱུད་པར་ ས་གནས་ཁག་སོ་སོ་ལུ་ སློབ་དཔོན་སོ་སོ་དང་གཅིག་གིས་གཅིག་ལུ་འབྲེལ་གཏོགས་ག་ནི་ཡང་མེད་པར་ སོ་སོར་སྦེ་ཕར་ཕར་ཡུན་འགྱངས་འགྱོ་བ་ལས་བརྟེན་ འཆམ་གྱི་རྣམ་པ་ལུ་ཡང་ དུས་ཀྱི་རིམ་པ་དང་འཁྲིལ་ སོ་སོར་ཡར་སོངཔ་ཨིན་པས། དེ་ལས་རིམ་པ་བཞིན་དུ་ འཆམ་གྱི་ལེའུ་དང་ཉམས་འགྱུར་གྱི་རྣམ་པ་ལུ་ཡང་ ཁྱད་པར་ཞུགས་མཆིསཔ་འོང་ནི་ཨིན་པས། དགྲ་མེད་རྩེ་རྔ་འཆམ་འདི་ རྫོང་ཁག་རང་རང་སོ་སོའི་ཚེས་བཅུའི་སྐབས་ལུ་ རྫོང་གི་རྡོ་གཅལ་ནང་དང་གཞུང་འབྲེལ་གྱི་ལས་རིམ་སྐབས་ལུ་ འོས་འབབ་ལྡན་པའི་ས་གོ་ཚུ་ནང་རྐྱབ་ཨིནམ་མ་ཚད་ དགོན་སྡེ་ཁག་དང་གཡུས་ཚན་ཁག་གི་ཚེས་བཅུའི་སྐབས་ལུ་ དགོན་སྡེ་ཁག་གི་རྡོ་གཅལ་དང་ གཡུས་ཚན་ཁག་གི་འོས་འབབ་ལྡན་པའི་ས་གོ་ཚུ་ནང་རྐྱབ་ཨིན།Country : འབྲུག། -
གིང་ཚོགས་ལེན་འཆམ།གིང་དང་ཚོགས་ལེན་ (ཚོགས་གླིང་། ཚོགས་ལིང་།) ཟུང་འབྲེལ་གྱི་སྐུ་འཆམ་འདི་ གར་འཆམ་ཚུ་གི་གྲས་ལས་ མི་དམང་དྲག་ཞན་དང་ ལོ་ན་རྒས་གཞོན་ཆེ་ཆུང་མེད་པར་ ཆ་མཉམ་གྱིས་སྤྲོ་ཉམས་ཀྱི་སྒོ་ལས་ མཇལ་བའི་མཐོང་གྲོལ་གྱི་སྐུ་འཆམ་ཅིག་ཨིན། འདི་ཡང་ གིང་གི་ཕྱག་ལུ་ རྔ་ཤུགས་སྦེ་བརྡུང་སྟེ་ ཚོགས་ལེན་ཚུ་དང་མཉམ་གཅིག་ དམག་འཐབ་པའི་མཐོང་སྣང་ སྤུ་འཛིངས་འཛིངས་སྦེ་ཐལ་བའི་ ཉམས་དང་ལྡན་མི་ལས་བརྟེན་ཏེ་ཨིན། སྐུ་འཆམ་གྱི་རྒྱབ་ཁུངས་ཡང་ ཆོས་འབྱུང་ཚུ་དང་འཁྲིལ་ཏེ་ དུས་རབས་ ༡༥ པའི་ནང་ལུ་བྱོན་པའི་ རིག་འཛིན་ཆེན་པོ་གཏེར་སྟོན་པདྨ་གླིང་པ་ (༡༤༥༠-༡༥༢༡) མཆོག་གིས་ ཉམས་སྣང་ལུ་སྦེ་ ཨྱོན་རིན་པོ་ཆེའི་ཞིང་ཁམས་ ནུབ་ཕྱོགས་རྔ་གཡབ་ ཟངས་མདོག་དཔལ་རའི་ཞིང་ཁམས་ རང་འབྱུང་སྤྲུལ་པའི་ཕོ་བྲང་ཆེན་པོའི་སྦུག་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ འཇའ་ལུས་ཡེ་ཤེས་ཀྱི་སྐུ་སྦེ་བཞུགས་རུང་ སྤྲུལ་པ་སྣ་ཚོགས་བཀྱེ་སྟེ་ འཇིག་རྟེན་ས་གསུམ་ག་རའི་ནང་བྱོན་ཏེ་ སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད། དེའི་མཐའ་འཁོར་ གཡས་གྲལ་ལུ་ རྒྱ་དང་བོད་ཀྱི་རིག་འཛིན་ཆེན་པོ་ཚུ་དང་ གཡོན་ཁ་ཐུག་ལུ་ འཕགས་བོད་གྱི་པཎ་གྲུབ། དེ་ལས་ བར་མཚམས་ལུ་ རྗེ་འབངས་ཉེར་ལྔ་གིས་གཙོ་པའི་ སྤྲུལ་པའི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཚུ་གིས་ གོང་བརྡ་སྙན་བརྒྱུད་གསུམ་གྱི་སྒོ་ལས་ འཕྲིན་ལས་མཛད་དེ་བཞུགས་ཡོདཔ་དང་། དེའི་ བར་སྣང་ཁམས་ལུ་ འཇའ་དང་འོད་ཟེར་གྱིས་འཁྲིགས་པའི་སྦུག་ལུ་ ཡི་དམ་དཔའ་བོའི་ལྷ་ཚོགས་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ སྐུ་ཞི་བ་དང་དྲག་པོའི་རྣམ་པ་དང་ལྡན་མི་ཚུ་གིས་ རྡོ་རྗེའི་གླུ་གར་མིག་འཕྲུལ་བཟུམ་སྦེ་སྒྱུར་བའི་སྒོ་ལས་ ཕྱི་ནང་གསང་བའི་མཆོད་སྤྲིན་དང་ མཆོག་དང་མཐུན་མོང་གི་དངོས་གྲུབ་ཚུ་ སྩོལ་བའི་འཕྲིན་ལས་ཀྱི་རྣམ་པ་གཟིགས་པ་དང་། དེ་མ་ཚད་ ཕྱིའི་སྒོ་བཞི་དང་སྒོ་མཚམས་བརྒྱད་ཀྱི་ ཆོས་སྐྱོང་ཕོ་རྒྱུད་དང་མོ་རྒྱུད་ཚུ་གིས་གཙོས་པའི་ བཀའ་ཉན་རྒྱལ་པོ་ཆེན་པོ་བཞི་དང་ ལྷ་སྲིན་སྡེ་བརྒྱད་ཆ་མཉམ་ར་ ཁྲོ་བའི་སྐུ་ལུ་བཞེངས་ཏེ་ དམག་དཔུང་ལུ་གདན་དྲངས་ཏེ་ བསྟན་པའི་དགྲ་བོ་ མུ་སྟེགས་པ་ཚུ་དང་དམ་སྲི་ལ་སོགས་པ་ཚུ་ སངས་རྒྱས་ཀྱི་བསྟན་པ་དང་དངོས་གྲུབ་ཚུ་བར་ཆད་རྐྱབ་མི་ དགྲ་དང་བགེགས་ཚུ་ ཆམས་ལུ་ཕབས་པའི་འཕྲིན་ལས་མཛད་པའི་ངོ་མཚར་ཆེ་བའི་བཀོད་པ་ཚུ་ མངོན་སུམ་སྦེ་གཟིགས་ཡོདཔ་མི་ཚུ་ འཇིག་རྟེན་གྱི་ཁམས་ནང་གི་ འགྲོ་བ་སེམས་ཅན་ཚུ་ལུ་ ཐུགས་བརྩེ་བ་དགོངས་ཏེ་བྱིན་རླབས་ཅན་གྱི་གར་འཆམ་ མཐོང་གྲོལ་གྱི་ཚུལ་ལུ་ གཞི་བཙུགས་མཛད་གནང་ཡོདཔ་ཨིན་མས། དེ་མ་ཚད་ ཨྱོན་རིན་པོ་ཆེ་མཆོག་ འཇིག་རྟེན་ནང་ཞལ་བཞུགས་པའི་སྐབས་ལུ་ཡང་ བོད་ཀྱི་རྒྱལ་ཁབ་ཀྱི་ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ བཞེངས་པའི་སྐབས་ལུ་ཡང་ སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་ལུ་ བར་ཆད་རྐྱབ་མི་ ལྷ་འདྲེ་གདུག་པ་ཅན་ཚུ་དམ་ལུ་བཏགས་ནིའི་དོན་ལུ་དང་ ཆོས་ཀྱི་རྒྱལ་པོ་ ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དོན་འགྲུབ་ནིའི་དོན་ལུ་ གསང་བ་སྐུ་གསུམ་གྱི་བདག་ཉིད་ བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྲུལ་པ་ཚུ་དང་ ནང་ཡི་དམ་དཔའ་བོ་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ཞི་དྲག་གི་གིང་ཚུ་དང་ ཕྱིའི་ཆོས་སྲུང་ངམ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་གཙོས་ འཁོར་རྒྱལ་ཆེན་བཞི་དང་ ལྷ་སྲིན་སྡེ་བརྒྱད་བཅས་ཚོགས་ལེན་ལུ་སྤྲུལ་ཏེ་ དྲག་པའི་དམག་ལུ་དྲངས། བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཆ་མཉམ་ར་ ཐལ་བར་བརླགས་པའི་རྫུ་འཕྲུལ་གྱི་བཀོད་སྟོན་ཏེ་ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་ཉི་མ་ཤར། འགྲོ་བ་སེམས་ཅན་ལུ་ ཞི་བདེ་སྐྱིད་པའི་ཟླ་བ་འཕྲོ་བར་མཛད་པའི་ མཛད་རྒྱ་རླབས་ཆེན་དེ་ རྗེ་དྲན་གྱི་དོན་ལུ་ གར་འཆམ་འདི་གཞི་བཙུགས་མཛད་གནང་ཡོདཔ་ཨིན། བྱིན་རླབས་ཅན་གྱི་གར་འཆམ་འདི་ དུས་རབས་ ༡༧ པའི་ནང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ (༡༦༣༨-༡༦༩༦) མཆོག་གིས་ གཙོ་བོ་སྤྱི་བླ་དང་རྫོང་གཞི་ཁག་གི་ ཚེས་བཅུ་ཚུ་ནང་ལུ་གཞི་བཙུགས་མཛད་དེ་ རིམ་པ་བཞིན་དུ་ མི་དབང་སྡེ་སྲིད་དང་རྗེ་མཁན་རིམ་བྱོན་ཚུ་གིས་ ཕྱག་རྒྱུན་བཟུང་ཡོདཔ་མ་ཚད་ ལྷག་པར་དུ་ཡང་ མི་དབང་བརྒྱུད་འཛིན་ཚུ་གིས་ཁ་བསྐོང་སྦེ་ རྫོང་ཁག་ག་རའི་ནང་ལུ་ ལོ་བསྟར་གྱི་ཚེས་བཅུ་ ཤོས་སྙོམ་སྦེ་བཙུགས་ཏེ་ ད་ལྟོ་ མི་དམང་ཆ་མཉམ་གྱིས་ ར་སོའི་རྫོང་ཁག་གི་ཚེས་བཅུ་དུས་སྟོན་སྐབས་ གཏེར་སྟོན་མཆོག་གི་མཛད་བཤུལ་ བྱིན་རླབས་ཅན་གྱི་གར་འཆམ་མ་འདྲཝ་ལེ་ཤ་ཅིག་ མཇལ་ནིའི་གོ་སྐབས་ བསྐལ་བཟང་དུས་ཀྱི་ཚོར་སྣང་མྱོང་དང་མྱོང་བཞིན་པ་ཡོདཔ་ཨིན།Country : འབྲུག།
-
ཤ་ཝ་ཤ་ཁྱིའི་གར་འཆམ།འཁྲབ་གཞས་དང་གར་འཆམ་ཟུང་འབྲེལ་སྦེ་ཨིན་མི་ ཤ་ཝ་ཤ་ཁྱིའི་འཆམ་འདིའི་བརྗོད་དོན་ ངོ་མ་ར་ རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ རྣམ་ཐར་རྒྱ་ཆེ་བ་གཏིང་ཟབ་པ་སྦེ་ཡོད་མི་ལས་ སློབ་མ་གཙོ་བོ་ཅིག་ཨིན་མི་ ཁྱི་ར་ཝ་མགོན་པོ་རྡོ་རྗེ་དེ་ གྲུབ་པ་ཐོབ་པའི་ལེའུ་ནང་ལུ་བཏོན་ཏེ་ འབྲུག་རྒྱལ་ཁབ་ཀྱི་སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ མཛད་བཤུལ་འབྲུག་པའི་གར་འཆམ་མཐུན་མོང་མ་ཡིན་པ་ཅིག་ཨིན། འདི་ཡང་ ཧེ་མ་དུས་རབས་ ༡༡ པའི་ནང་ལུ་ གངས་ཅན་གྲུབ་པའི་དབང་ཕྱུག་ཆེན་པོ་ རྗེ་བཙུན་མི་ལ་རས་པ་ (༡༠༥༢-༡༡༣༥) མཆོག་ བལ་པོ་ (ནེ་པཱལ) དང་ བོད་ཀྱི་ས་མཚམས་ སྟེ་ཤང་གུར་ཏ་ཟེར་བའི་དབེན་པའི་རི་ཁྲོད་ལུ་ དག་པ་ས་གསུམ་གྱི་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་གྱུར་ཚར་ཏེ་ གཞན་འདི་ཕར་བཞག་ ཐ་ན་ ཧ་ཅང་གིས་རྨོངས་པའི་དུད་འགྲོ་སེམས་ཅན་དེ་ཚུ་ལུ་ཡང་ དམ་པའི་ཆོས་ཀྱི་དོན་དག་ཚུ་ གོ་བརྡ་འཕྲོད་ཚུགས་པའི་རང་དབང་ཐོབ་སྟེ་བཞུགས་ནུག། ཚར་གཅིག་འབདཝ་ད་ དཔྱད་རིག་རྣམ་རྟོག་མེད་སི་སི་སྦེ་ སྒྲུབ་ཕུག་གི་འོག་ལས་ མི་སྐད་དང་ཁྱི་སྐད་ལྷང་ལྷང་ཅིག་གསན་ཏེ་ ག་ཅི་ཨིན་ན་ཟེར་ཐུགས་བཞེད་གནང་སྟེ་ བྱག་ཕུག་གི་འོག་ལས་མར་བྱོན་སྦེ་གཟིགསཔ་ད་ ཤཝ་དམརཔོ་ཅིག་ གནམ་མེད་ས་མེད་འུ་སྡུག་ཐང་ཆད་ གཟུགས་ཀྱི་སྤུ་ཕུད་རྡོག་རེ་ལས་ རྔུལ་ནག་རེ་འཐོན་ཏེ་འཇིགས་སྣང་དང་བཅསཔ་སྦེ་ལྷོད་ནུག། དེ་ལུ་ཐུགས་ཀྱི་བརྩེ་བ་ཆེན་པོའི་སྒོ་ལས་ དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངས་པ་ཙམ་གྱིས་ འཇིགས་སྐྲག་གི་སྣང་བ་ཚུ་རང་བཞིན་གྱིས་ཡལ་ཏེ་ བླམ་རྗེ་བཙུན་གྱི་གཡས་ཧོངས་ལུ་ སེམས་བག་ཕེབས་པའི་ངང་ལུ་སྡོད་ཚརཝ་ཅིག་ ཤ་ཁྱི་དམརཔོ་གཟུགས་གློག་འཁྱུག་དོ་བཟུམ། ཞེ་སྡང་མེ་འབར་དོ་བཟུམ་འབད་མི་ཅིག་ཡང་ རྟིང་བདའ་སྟེ་ལྷོད་ནུག། དེ་ལུ་ཡང་དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངསམ་ཅིག་ ཉོན་མོངས་པའི་གདུང་སེམས་ཞི་སྟེ་ བླམ་ རྗེ་བཙུན་གྱི་གཡོན་ཧོངས་ལུ་སྡོད་ནུག། ཤཝ་དང་ཤ་ཁྱི་གཉིས་ ཨའི་དང་བུ་བཟུམ་སྡོད་ཡོད་པའི་རྟིང་ཤུལ་བདའ་སྟེ་ ཤ་རོགསཔ་མགོན་པོ་རྡོ་རྗེ་ཟེར་མི་ གཉའ་རྒོད་འདྲོག་སི་སི་ཅིག་ ལག་པར་མདའ་གཞུ་འབག་སྟེ་འབད་ལྷོད་ནུག། ཁོ་གིས་ བླམ་རྗེ་བཙུན་གྱི་རྩ་བ་ལུ་ ཤཝ་ཤ་ཁྱི་དེ་ཚུ་མཐོངམ་ཅིག་ སྒོམ་ཆེན་དེ་གིས་ངེ་གི་ཤཝ་དང་ཤ་ཁྱི་གཉིས་ལུ་ ངན་སྔགས་ཅིག་བཏང་བཏངམ་ཨིན་པས་མནོ། ཞེ་སྡང་ལངས་ཏེ་ ཁྱོད་ཀྱིས་ངེ་གི་ཤཝ་དང་ཤ་ཁྱི་དེ་ སྐྱབས་འབད་ཚུགས་དོ་བཟུམ་ ངེ་གི་མདའ་འདི་ཡང་ ཁྱོད་ཀྱིས་ག་དེ་སྦེ་སྐྱབས་འབད་ཚུགས་ག་བལྟ་གེ་རྨ་རེད་ཟེར་ དུག་མདའ་མ་གསང་སྒྲོ་ལྔམ་དེ་ ཐེ་ཚོམ་མེད་པར་རྐྱབ་བྱིན་པའི་སྐབས་ མདའ་དེ་བླ་མའི་སྐུ་གཟུགས་ལུ་ཕོག་ནི་ཕར་བཞག་ མདའ་གཞུ་དེ་ཡང་ དུམ་ད་ཁེམ་སྦེ་ཆག་ཡར་སོང་ནུག། ཁོ་ག་ཅི་ཨིན་ན་མནོ་སྟེ་ སེམས་ཐེ་ཚོམ་ཟ་སྡོད་པའི་བར་ན་ བླམ་རྗེ་བཙུན་རིན་པོ་ཆེ་གིས་ ཁྱོད་ཀྱིས་མདའ་འདི་ནམ་ཡང་རྐྱབ་ལོང་འོང་། ད་ལྟོ་ ཧེ་མ་ངེ་གི་གླུ་འདི་ལུ་ཚར་གཅིག་ཉན་ད་ཟེར་ དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངས་ཁོ་རའི་གནངམ་ད་ སྔོན་མ་ལཱ་ངན་འབད་མི་འདི་ལུ་ འགྱོད་པ་དྲག་པོ་སྐྱེས་ཏེ་ བཤགས་པ་ཕུལ་སྦེ་ ད་ལས་ཕར་བཀའ་ག་གནང་དང་ གསུང་ཅི་སྒྲུབ་ཀྱི་ཕྱག་ཕྱིད་ཞུ་ནི་གི་ཁས་བླངས་དམ་བཅའ་ཕུལ་ཏེ་ སྒྲུབ་པ་ ཉམས་ལེན་འབདཝ་ལས་ ཚེ་གཅིག་ལུས་གཅིག་ལུ་ ཁྱི་རྭ་མགོན་པོ་རྡོ་རྗེ་ཟེར་ སངས་རྒྱས་སོང་པའི་གྲུབ་ཐོབ་སྦོམ་ཅིག་བྱུང་བྱུངམ་གི་རྣམ་ཐར་འདི་ གར་འཆམ་མཐོང་གྲོལ་གྱི་ཚུལ་སྦེ་མཛད་གནང་གནངམ་ཨིན་པས། གར་འཆམ་འདི་ དོན་གྱི་སྙིང་པོ་ལུ་ གཙོ་བོ་དང་འཁོར་ག་ར་ རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ས་བཅུའི་དབང་ཕྱུག་ཆེན་པོ་ཙང་ཙ་གི་མཛད་པ་ཨིནམ་ལས་བརྟེན་ བྱིན་རླབས་དང་ཕན་ཡོན་སྦོམ་ཡོདཔ་ཨིན་ཟེར་ ཉེར་མཁོའི་བུམ་བཟང་ནང་ལས་ཐོན་དོ་བཟུམ་ མཛད་པ་ཚུ་ལུ་ ནམ་རང་འབད་རུང་དག་སྣང་བསྐྱེད་དགོཔ་ཨིན། ང་བཅས་རའི་ཁ་རྒྱུན་ལུ་ པད་གླིང་གིང་གསུམ་གྱི་སྤུས་དག་ཤོས་ ཀྲོང་གསར་མནའ་སྦིས་དང་སྐོར་ཕུག་གི་སྒྲུབ་ལུ་གཞི་བཞག་ནི་དང་ དེ་བཟུམ་སྦེ་ རཀྴ་དམང་འཆམ་འདི་ཀྲོང་གསར་རྫོང་གི་ཚེས་བཅུ། དེ་ལས་ ཤཝ་ཤ་ཁྱིའི་གར་འཆམ་འདི་ དར་དཀར་བཀྲི་ཤིས་གཡང་རྩེ་རྫོང་གི་ ཚེས་བཅུ་ལུ་གཞི་བཞག་དགོཔ་སྦེ་ སློབ་སྲོལ་ཡོདཔ་ཨིན།Country : འབྲུག།
-
ཞྭ་དག་འཆམ། ཞྭ་ནག་རྔ་འཆམ།རིམ་གཉིས་ཟབ་མོའི་རྣལ་འབྱོར་ལུ་ ཡུན་རིངམོ་སྦེ་བཞུགས་ཏེ་ རྟོགས་པའི་ཡེ་ཤེས་ཀྱིས་རང་རྒྱུད་ ཉོན་མོངས་པའི་དགྲ་བོ་ དུག་ལྔ་དབྱིངས་སུ་བསྒྲལ་ཞིནམ་ལས་ གཞན་རྒྱུད་བསད་གསོ་འབད་ནུས་པའི་རྒྱལ་པོ་ ནུས་མཐུ་ཅན་ རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཆེན་ ཏིལླི་པ་དང་ནཱ་རོ་པ། བོད་ཀྱི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། གྲུབ་ཐོབ་ཀུན་དགའ་ལེགས་པ། ཞིང་ འདིའི་མཐུ་ཆེན་བླ་མ་ངག་དབང་རྣམ་རྒྱལ། མཁན་ཆེན་བསོད་ནམས་འོད་ཟེར། རྒྱལ་སྲས་བསྟན་ འཛིན་རབ་རྒྱས་ལ་སོགས་པ་གྲུབ་བརྙེས་ཀྱི་གོང་མ་ཚུ་གིས་ བསྟན་འགྲོ་ལུ་གནོད་པའི་སེམས་ཅན་ ལས་ངན་འཚབ་ཆེན་བསགས་ཏེ། དམྱལ་བའི་གནས་ལུ་ ཡུན་རིངམོ་སྦེ་སྡུག་བསྔལ་མྱོང་ནི་ཨིན་མི་ལུ་ སྙིང་རྗེ་གིས་མ་བཟོད་པར། དེ་ཚུ་ བཏུལ་ནི་གི་ཐབས་ལུ་ གསང་སྔགས་དྲག་པོ་བདུད་ཀྱི་ཆས་དང་འདྲ་བའི་ དབུ་ཞྭ་གནགཔོ་གསོལ་ཏེ། རྒྱུད་ལས། དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ། །ཞེས་དང་། བསྒྲལ་བའི་ཞིང་དེའང་ཕན་བདེའི་རྒྱུར་འགྱུར་བ་སྟེ། །འདི་དག་བསྒྲལ་བར་བྱས་ནས་ནི། །དམྱལ་བའི་གནས་སུ་ཡུན་ཐུང་གྱུར། །ཟེར་ བསྟན་འགྲོ་ལུ་གནོད་པའི་ ཞིང་བཅུ་ཚང་བའི་དགྲ་བགེགས་ཆ་མཉམ་ར་ ཐལ་བར་བརླགས་དོ་བཟུམ། ད་ལྟོ་འདི་ནང་ཡང་ བདུད་ཀྱི་གཡུལ་ལས་རྒྱལ་བར་བྱེད་པའི་ དཔལ་ཡེ་ཤེས་མགོན་པོ་ལྷ་མངས་ཀྱི་སྒྲུབ་མཆོད་ཆེན་མོའི་སྐབས་ལུ་ རྡོ་རྗེ་འཛིན་པའི་གར་འཆམ་མི་ཚུ་ ལྷའི་ང་རྒྱལ་གསལ་དག་ བརྟན་གསུམ་དང་ལྡན་པའི་སྒོ་ལས་ དྲག་པོའི་ཆས་དབུ་ཞྭ་གནགཔོ་བཞེས། ཡེ་ཤེས་མགོན་པོའི་ འཕྲིན་ལས་དྲག་པོ་ མངོན་སྤྱོད་ཀྱི་དྲག་ལས་མཛད་པའི་སྐབས་ དཔལ་འབྲུག་པའི་བསྟན་པ་ལུ་གནོད་པའི་ ཉམས་པ་བདུན་ལྡན་གྱི་ ཞིང་བཅུ་ཚང་བའི་ དགྲ་བགེགས་གདུག་པ་ཅན་གྱི་རིགས་དེ་ཚུ་ སྲིད་གསུམ་ག་ཏེ་དང་ག་ཏེ་ཡོད་དེ་འབད་རུང་བཀུག་སྟེ་ རྣམ་ཤེས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ ཐུགས་ཀར་སྤར་གནངམ་མ་ཚད་ ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ ནང་གི་སྲོག་དབུགས་བླ་ཚེ་ གསང་བའི་ཁ་རྗེ་དབང་ཐང་ རླུང་རྟ་དང་བཅས་པ་ ཡེ་ཤེས་ཀྱི་བདུད་རྩི་ལུ་གྱུར་ཏེ་ དཔལ་ཡེ་ཤེས་མགོན་པོའི་ཞལ་ གནམ་ས་ཙམ་དུ་གདངས་ཏེ་ཡོད་མི་ལུ་ཕུལ་ཞིན་ན་ སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལས་ ཡུན་རིང་དུ་གནས་ནི་དང་ སྒོས་སུ་ འགྲོ་དྲུག་གི་སེམས་ཅན་ཚུ་ལུ་ བདེ་སྐྱིད་འབྱུང་ནིའི་དོན་ལུ་ ཞྭ་ནག་པོའི་སྐུ་འཆམ་གནངམ་ཨིན། ཞྭ་ནང་སྐུ་འཆམ་གཉིས་ཀྱི་གྲས་ལས་ ཞྭ་ནག་རྔ་འཆམ་འདི་ཡང་ ཞྭ་ནག་ཉེར་གཅིག་དང་ ཡང་ཅིན་ཚེས་བཅུ་ཞྭ་ནག་ཉེར་གཅིག་མ་ཟེར་ གར་འཆམ་གནང་མི་ གྱངས་ཁ་ ༢༡ བྱུང་མི་དེ་ ཟོར་འཆམ་རྒྱས་པ་ལས་འགབ་སྟེ་ཞུཝ་ཨིན་པས། འདི་ཡང་ སྤྱིར་ལྷ་ལུ་ སྤྲུལ་གཞི་གཅིག་དང་སྤྲུལ་པ་ལྔ། ཡང་སྤྲུལ་ ༢༡ ། ཉིང་སྤྲུལ་ ༡༠༠ ཟེརཝ་ལ་སོགས་པ་ཡོད་རུང་ ནཱ་ལུ་ ཡང་སྤྲུལ་ ༢༡ གི་དབང་དུ་བཏང་སྟེ་ ཞྭ་ནག་གི་གར་འཆམ་འདི་གནངམ་ཨིན་རུང་ དེ་ཚུ་ ཁ་རྒྱུན་ལུ་གཞི་བཞག་སྟེ་ཞུཝ་མ་གཏོགས་ ཁུངས་ཐུབ་ཡིག་ཆ་མ་ཐོབ་ལས་ ཕྱིས་འབྱོན་ཞིབ་འཚོལ་མཁས་མཆོག་ཚུ་གིས་ དེ་ལུ་དཔྱད་པ་གནང་སྟེ་བཀའ་དྲིན་བསྐྱང་གནང་།Country : འབྲུག།
-
རིག་མ་བཅུ་དྲུག་འཆམ།རིག་མ་བཅུ་དྲུག་གི་སྐུ་འཆམ་འདི་ ཞི་བའི་གར་འཆམ་ཅིག་འབདཝ་ལས་ དེ་ལུ་མིང་གནས་གཞན་ ཞི་བའི་འཆམ་ཟེར་དང་ དོ་རུང་འཕྲལ་འཕྲལ་སྐབས་ མཁའ་འགྲོ་མའི་འཆམ། རྡོ་རྗེ་ལྷ་མོ་བཅུ་དྲུག་དང་ མཆོད་པའི་ལྷ་མོ་བཅུ་དྲུག་གི་སྐུ་འཆམ་ཟེར་ཡང་ཞུ་སྲོལ་ཡོདཔ་ཨིན། སྤྱིར་བཏང་ལུ་ རིག་མ་བཅུ་དྲུག་གི་སྐུ་འཆམ་ལུ་ རིགས་ཁག་གཉིས་ཡོདཔ་དང་ འདི་ཡང་ སྐུ་འཆམ་གནང་མི་ཚུ་བཙུན་པ་དགེ་སློང་ཚུ་གིས་ སྐུ་གཟུགས་ཀྱི་ཕོད་གོ་དང་ རུས་པའི་རྒྱན་ཆ་བཞེས་ཐངས་ཅོག་འཐད་རུང་ གཅིག་ཕྱག་གཡས་གཡོན་གཉིས་ལུ་ཌ་རུ་དང་དྲིལ་བུ་བསྣམས་ཏེ་ གར་འཆམ་གནང་མི་དང་ གཞན་མི་འདི་ ཕྱག་ལུ་རྔ་དང་རྔས་ཏོག་བསྣམས་ཏེ་གནང་མི་ལུ་ རིག་མ་བཅུ་དྲུག་རྔ་འཆམ་ཟེར་ཞུཝ་ཨིན། མཆོད་པའི་ལྷ་མོ་བཅུ་དྲུག་ཡོད་ས་ལས་ གཙོ་བོ་ལྷ་མོ་བཞི་ཡོདཔ་དང་ དེ་རེ་རེ་ལུ་ཡང་ ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་མི་ ལྷ་མོ་གསུམ་དང་བཞི་གང་འཚམས་སྦེ་བཀལཝ་ད་ གྲངས་བཅུ་དྲུག་ལུ་གྱུརཝ་ཨིན། འདི་ཡང་ སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། འདི་ཕྱིའི་མཆོད་པའི་ལྷ་མོ་བཞི། དེ་བཟུམ་སྦེ་ མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་ཚུ་ ནང་གི་མཆོད་པའི་ལྷ་མོ་བཞི། པི་ཝང་མ། གླིང་བུ་མ། རྔ་བརྡུང་མ། རྫ་རྔ་མ། གཟུགས་རྡོ་རྗེ་མ་བཅས་ གསང་བའི་མཆོད་པའི་ལྷ་མོ་ལྔ། དེ་ལས་ མཇུག་ར་ རོ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ། ཆོས་དབྱིངས་རྡོ་རྗེ་མ་གསུམ་འདི་ དེ་ཁོ་ན་ཉིད་ཀྱི་མཆོད་ལྷ་མོ་བཅས་བཅུ་དྲུག་ཨིན།Country : འབྲུག།
-
གྷུན་དུ་རི། སུ་མའི་གདན།ལྷོ་མཚམས་པའི་ཁ་སྐད་ལས་ གྷུན་དུ་རི་ཟེར་ རྒྱུ་རུལ་བཏུབ་དང་མཐའ་འཁོར་གནང་སྟངས་ལུ་ མ་གནོད་པའི་འབྲུ་སྣ་རེད་ཀྱི་སུ་མ་ཚུ་ལག་ལེན་འཐབ་སྟེ་ སྡོད་ནི་དང་ཉལ་ནིའི་གདན་གྱི་རིགས་ཚུ་ ཐགས་ཏེ་ཁྱིམ་ནང་གི་ཅ་ཆས་གལ་ཅན་ཅིག་མིང་ཨིན་མས། དེ་བཟུམ་མའི་མཁོ་ཆས་ཚུ་ཡང་ རྩི་རང་། དར་དཀར་ན། གསར་སྤང་། བསམ་རྩེ་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ལུ་གཞི་ཆགས་ཡོད་པའི་ ལྷོ་མཚམས་པའི་མི་སྡེ་ཚུ་གི་ནང་ལས་ ཨམ་སྲུ་ཚུ་གིས་ཐགས་པའི་རིག་རྩལ་ཅིག་ཨིན་མས། ཐགས་འཐག་པའི་དུས་ཚོད་བཟུམ་འབད་བ་ཅིན་ རང་བཞིན་གནས་སྟངས་ཀྱི་ གནམ་གཤིས་དང་འཁྲིལ་ཏེ་ གནམ་སེར་ཁ་བྱཱར་ཚུ་བརྔ། དེ་ལས་ ཕུར་ཚར་ཞིན་ན་ལས་སྦེ་ བཟོ་སྐྲུན་གྱི་ལཱ་དེ་འགོ་བཙུགས་སྲོལ་ཡོདཔ་ཨིན་མས། མ་གཞི་ དེ་བཟུམ་མའི་གདན་འདི་ ལྷོ་མཚམས་པའི་མི་སྡེ་ག་རའི་ནང་ལུ་ བཟོ་རིགས་ལག་ཤེས་ཀྱི་བྱེ་བྲག་ཅིག་སྦེ་ ལམ་སྲོལ་བཟུང་ཡོད་རུང་ ད་ལྟོ་ རྩི་རང་རྫོང་ཁག སེམས་ལྗོངས་རྒེད་འོག་གི་གཡུས་ཚན་ནང་ལུ་འབད་བ་ཅིན་ དུས་དང་ཕུ་ལས་དར་འོང་པའི་ གུན་དུ་རི་འདི་སྲོལ་རྒྱུན་འདི་ ད་རེས་ནངས་པའི་དུས་ནང་ལུ་ཡང་ རང་ལུགས་ཀྱི་ཆ་ཤས་ཅིག་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་དང་ འདི་ཡང་ རིག་རྩལ་དེ་ ཕ་མེས་ཀྱི་སྐབས་ལུ་སྲོལ་གཏོད། རྒྱུན་བཟུང་བདག་འཛིན་འཐབ་སྟེ་འོང་མི་ལས་བརྟེན་ གདན་དེ་དུས་རྒྱུན་ལག་ལེན་འཐབ་དང་འཐབ་བཞིན་དུ་འདུག། གཡུས་འཛོམས་གླིང་ཐང་སྟོད་ལས་ སྐྱེས་ལོ་ ༨༡ ལོན་མི་ ཨཔ་སིང་བྷིར་པཱརཱ་དྷན་གྱིས་བཤད་དོ་བཟུམ་འབད་བ་ཅིན་ གྷུན་དུ་རི་འདི་ ཁྱིམ་ནང་གི་ཅ་ཆས་ཅིག་སྦེ་ ལག་ལེན་འཐབ་ནི་གིས་མ་དོ་བར་ གཡུས་མི་མང་ཤོས་ཅིག་གིས་ གཉེན་སྟོན། གཤིན་པའི་རོ་བསྡུ་དང་དགེ་རྩ་ཚུ་སྒྲུབ་པའི་སྐབས་ལུ་ཡང་ མཁོ་གལ་ཆེ་བའི་ཁྱིམ་ཆས་ཨིན་ཟེར་ སླབ་ནི་འདུག། ཨིན་རུང་ དུས་ཀྱི་འགྱུར་བ་དང་ དཔལ་འབྱོར་གོང་འཕེལ་གྱི་འགྲོས་ལས་བརྟེན་ ཁྲོམ་ཁ་ལས་ཕར་གོང་ཉུང་སུ་ཡོད་པའི་གདན་ཚུ་ དཀའ་ཚེགས་མེད་པར་ཐོབ་ཚུགས་མི་ལས་ གཡུས་ལུགས་ཀྱི་གདན་ གྷུན་དུ་རི་ཐགས་ནི་དང་ལག་ལེན་འཐབ་མི་ཡང་ དུས་རིམ་བཞིན་དུ་ གྱངས་ཁ་ཉུང་སུ་འགྱོ་དོ་ཡོདཔ་ཨིན་རུང་ གྷུན་དུ་རི་དེ་ མི་རྒས་ཤོས་ཚུ་གི་ཉམས་མྱོང་ལྟར་དུ་ སྤྱོད་པའི་སྐབས་ལུ་གཟུགས་ལུ་བདེ་ཏོག་ཏོ་དང་ རྒྱུ་ཆ་འཐོབ་ནི་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་འཐོབ་ཚུགས་རུང་ ཐགས་པའི་སྐབས་ལུ་འབད་བ་ཅིན་ དུས་ཡུན་འགོར་དོ་ཡོདཔ་སྦེ་བཤདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པ་ སྤྱིར་བཏང་ ལྷོ་མཚམས་པའི་གཡུས་ཚན་ཚུ་དང་ ཆེནམོ་ཅིག་ར་ལག་ལེན་འཐབ་ནི་དང་ ཐགས་འཐག་ས་མཐོང་ནི་མེད་རུང་ སེམས་ལྗོངས་རྒེད་འོག་གི་ གཡུས་ཚན་ཚུ་ནང་ལས་ཕར་བཤལ་ཏེ་བལྟ་བ་ཅིན་ དེ་བསྒང་ ཕམ་ཚུ་གིས་ཐགས་པའི་ གཡུས་ལུགས་ཀྱི་གདན་གྷུན་དུ་རི་ཚུ་ ད་ལྟོའི་བར་ན་ཡང་ སྤྱོད་སྲོལ་ཡོདཔ་མ་ཚད་ དེའི་བཟོ་རྣམ་གྱི་གནས་སྟངས་ཡང་ ལེགས་ཤོམ་སྦེ་ར་ཡོདཔ་མཐོང་ཚུགསཔ་ཨིན།Country : འབྲུག།
-
དཔའ་བོའམ་ཇག་ཀིརི།ལྷོ་མཚམས་པའི་ཁ་སྐད་ལས་ དཔའ་བོ། ཇག་ཀིརི། ཡི་ཅིན་ དྷ་མི་ཟེར་མི་འདི་ ལྷོ་མཚམས་པའི་མི་སྡེ་ནང་ལུ་ མི་མིན་འབྱུང་པོ་ཚུ་གི་གདོན་ཁ་དང་གནོད་ཁ་ཚུ་གི་ ན་ཚ་ཚུ་ལས་གསོ་ཐབས་ལུ་ གཡུས་ལུགས་ཀྱི་སྨན་བཅོས་རིམ་གྲོ་འབད་མི་ མི་ངོམ་གྱི་མིང་གནས་ཅིག་ཨིན་མས། དང་ཕུ་ ད་རེས་ནངས་པའི་མཚན་རིག་གི་སྨན་བཅོས་འབད་ནི་དང་ སྨན་པ་ཚུ་མེད་པའི་དུས་སྐབས་ལུ་ མི་ཚུ་གིས་ ནད་རིགས་དང་གདོན་ཚུ་བཅོས་ཁ་རྐྱབ་ནི་དོན་ལུ་ གཡུས་ལུགས་ཀྱི་སྨན་བཅོས་འབད་ནི་འདི་ ལྷོ་མཚམས་པའི་ཁ་སྐད་ལས་ ཅིམ་ཏ་དང་ཇཱག་ཀིརི་ཚུ་ རང་སོའི་ཁྱིམ་ནང་ལུ་གདན་འདྲེན་ཞུ་སྟེ་ རིམ་གྲོ་འབད་སྲོལ་ཡོདཔ་ཨིན་མས། ཇག་ཀིརིའི་འབྱུང་ཁུངས་འདི་ཡང་ ཧིན་དྷུའི་ཆོས་ལུགས་ཀྱི་ལྷ་ཆེན་ ཤི་ཝ་དང་དེའི་གསང་ཡུམ་པར་ཝཱ་ཏི་གཉིས་ཀྱི་ ལོ་རྒྱུས་དང་འབྲེལ་བ་ཡོདཔ་བཤད་སྲོལ་ཡོདཔ་དང་ འདི་ཡང་ ལྷ་མོ་སཱ་ཏི་ཟེར་མི་ཅིག་གིས་ འཇིག་རྟེན་འཛམ་བུ་གླིང་ནང་ལུ་ ཡབ་རྒྱལཔོ་ཧི་མ་ཝཏ་དང་བཙུནམོ་མེ་ན་གཉིས་ཀྱི་སྲསམོ་སྦེ་སྐུ་འཁྲུངས་ཏེ་ དུས་ཚོད་དེ་སྐབས་ར་ ནཱ་རཏ་མུ་ནི་ཟེར་ ཁྱད་དུ་འཕགས་པའི་རིག་པ་ལྡན་པའི་ཁར་ གཏམ་ལོ་རྒྱུས་དང་གནས་ཚུལ་ཚུ་ སླབ་ནི་ལུ་མཁས་པའི་མི་ཅིག་ སྲསམོ་དེ་མཇལ་བར་འོང་ཞིནམ་ལས་ ལྷ་ཆེན་དབང་ཕྱུག་དང་མཉམ་ གཉེན་རྐྱབ་ནིའི་ལུང་བསྟན་ཡོད་པའི་ལོ་རྒྱུས་ཚུ་ཞུ་ནུག། སྲསམོ་དེ་ སྦོམ་འགྱོ་བའི་སྐབས་ ལྷ་ཆེན་དབང་ཕྱུག་གི་སྐོར་ལས་མནོ་བསམ་གཏང་སྟེ་ སེམས་གཡེང་སྟེ་སྡོད་དོ་ཡོདཔ་ད་ དུས་ནམ་ཅིག་གི་ཚེ་ སྲསམོ་པར་ཝཱ་ཏི་འདི་ གཉེན་རྐྱབ་ནིའི་དུས་ཚོད་ལུ་ལྷོད་དེ་ མོ་ར་ལས་ངན་འཛད་ཐབས་དང་ ལྷ་ཆེན་དབང་ཕྱུག་གི་ཐུགས་མཉེས་ཐབས། དེ་ལས་ ལྷ་ཆེན་མཆོག་གི་བཙུནམོ་སྦེ་འབད་ཐབས་ལུ་ གངས་རི་ཧི་མ་ལ་ཡ་ལས་ཕར་འགྱོ་སྟེ་སྡོདཔ་ད་ ལྷ་ཆེན་མཆོག་ཡང་ མོ་གི་དད་པ་དག་སྣང་། བློ་འདོད་དང་འཁྲིལ་ཏེ་ གསང་ཡུབ་སྦེ་བཞེས་མཆིས་ནུག། ཁོང་གཉིས་མཉམ་གཅིག་སྦེ་ ལོ་ཡུན་ལོ་ཤ་ཅིག་སོང་བའི་མཐའ་མར་ ལྷ་ཆེན་མཆོག་སྐུ་སྙུན་གཞི་དྲག་པོ་སྦེ་ཐེབས་ཏེ་ རྩ་ལས་ར་དྲག་མ་ཚུགས་པར་བཞུགསཔ་ད་ ལྷ་ཆེན་གྱིས་དེ་གི་རྒྱུ་རྐྱེན་གཙོ་བོ་ར་ གསང་ཡུམ་པར་ཝ་ཏི་འདི་ ལྷོ་མཚམས་པའི་ཁ་སྐད་ལས་ བཱོག་ཤི་ཟེར་ གསོན་འདྲེ་བཟུམ་ཅིག་ཨིན་སྦེ་མཁྱེན་ནུག། དེ་ལས་ ལྷ་ཆེན་གྱིས་ཁོ་རའི་སྐུདཔ་ལུ་བཤད་དེ་ སྐུདཔ་དེ་གིས་ མོ་གི་རྒྱུད་ལུ་ཡོད་པའི་གདོན་ཁམས་དེ་ ཁ་འབྱལ་གཏང་ནི་དང་ཡང་ཅིན་ ཁྲུས་གསོལ་འབད་དེ་སངས་འཐབ་ཡོདཔ་སྦེ་ཞུ་རུང་ ལཱ་འདི་འཇམ་ཏོག་ཏོ་ཅིག་མེནམ་མཁྱེན་ཞིནམ་ལས་ ཐབས་ཤེས་ཀྱི་སྒོ་ལས་ གདོན་ཁམས་དེ་བཏོན་གཏང་ནིའི་ལཱ་བསྐོར་སྒྲིག་ནུག། དུས་ནམ་ཅིག་འབདཝ་ད་ པར་ཝ་ཏི་འདི་ ག་ཅི་ཅིག་གིས་སྦེ་ སེམས་གཡེང་སྡོད་པའི་བར་ན་ ལྷ་ཆེན་གྱི་སྐུདཔ་དེ་གིས་ མོ་གི་རྩ་བར་ཁུ་སིམ་སིམ་སྦེ་སོང་སྟེ་ སྐད་ཤུགས་སྦེ་ ཕཊ་ སྦྱངསམ་ད་ མོ་རྣམ་ཏོག་ལངས། འདྲོག་འབྱེལ་འཐབ་སྟེ་ རང་བཞིན་གྱིས་གདོན་ཁམས་དེ་སངས་སོཔ་ལས་བརྟེན་ དུས་དེ་ལས་ཚུར་ ཇཱག་ཀིརིའི་སྲོལ་གཏོད་ཡོད་པའི་ལོ་རྒྱུས་ཚུ་ འདྲི་བ་འདྲིས་ལན་འབད་མི་ མང་ཤོས་གྱིས་ཅོག་གཅིགཔ་སྦེ་བཤད་ནི་འདུག། ད་མ་ཚད་ འཛོམས་གླིང་ཐང་སྤྱི་འོག་ལས་ རྒས་ཤོས་ཅིག་ཨིན་མི་ ཨཔ་སིང་བྷིར་པཱརཱ་དྷན་གྱིས་ ཧེ་མ་ཇང་གཱ་ལི་ཟེར་ ཇག་ཀིརི་གི་མིང་རྣམ་གྲངས་ཅིག་ཨིན་མི་འདི་ ལྷ་ཆེན་དབང་ཕྱུག་སྐུ་སྙུང་གཞི་ཐེབས་ཏེ་ཡོདཔ་ཤེས་ཏེ་ ཁོ་གི་སྐུ་མདུན་ལུ་བཅར་བའི་སྐབས་ ལྷ་ཆེན་གྱི་གཡས་ཁ་ཐུག་ལུ་ཁོ་སྡོད་བཅུག གཡོན་ཁ་ཐུག་ལུ་ པར་ཝཱ་ཏི་བཞུགས་བཅུག་ཞིནམ་ལས་ ཇང་གཱ་ལི་དེ་གིས་རྩྭ་ཀུ་ཤའི་འདབ་མ་ (སྐྱེ་ལྡན་རིགས་སྣའི་མིང་ Thysanolaena latifolia) ལག་ལེན་འཐབ་སྟེ་ ལྷ་ཆེན་མཆོག་སྨན་བཅོས་འབད་བའི་སྐབས་ ཁོ་གིས་སྒྱུ་མའི་ཐོག་ལས་ འདབ་མ་དེ་ཧྲིལ་བུམ་སྦེ་ལྐོལ་མ་གཏང་། ཆབ་གསང་ལས་ཡང་འདབ་མ་ག་ཨིནམ་སྦེ་བཏོན་ཚུགས་ནུག། དེ་གི་ཤུལ་ལས་ པར་ཝཱ་ཏི་ལུ་ ཁྱོད་ཀྱིས་ཡང་དེ་བཟུམ་སྦེ་འབད་ཤིག་ཟེར་ ལྷ་ཆེན་གྱིས་བཀའ་གནངམ་ད་ བཙུན་མོ་གི་འདབ་མ་དེ་ཧྲིལ་བུམ་སྦེ་ལྐོལ་མར་གཏང་ཚུགས་རུང་ ཨོལ་ལྐོག་ལས་མར་མ་ཐལ་བར་ དཀའ་སྡུག་མྱོང་པའི་བར་ན་ ཇང་གཱ་ལི་གིས་མོ་ལུ་ བློ་ཤུགས་སྦེ་ཁོག་གཏང་ཟེར་ཞུཝ་བཞིན་དུ་ མོ་གིས་ཡང་དེ་སྦེ་འབད་བའི་སྐབས་ རྩྭ་ཀུ་ཤ་འདབ་མ་དང་མཉམ་གཅིག་ གདོན་ཁམས་ཡང་ཐོན་ཡར་སོཔ་ལས་བརྟེན་ ད་རེས་ནངས་པ་ འདབ་དེ་ལུ་ལེགས་ཤོམ་སྦེ་བལྟ་བ་ཅིན་ ལྷ་མོའི་ཚེམས་ཀྱི་བཤུལ་དང་ལྡནམ་སྦེ་མཇལ་ཚུགསཔ་ལས་ ལོ་རྒྱུས་དེ་ལས་ཚུར་ ཇག་ཀིརིའི་སྲོལ་བྱུང་ཡོདཔ་སྦེ་བཤདཔ་ཨིན་མས། ཇག་ཀིརི་འབད་ནི་འདི་ ཁོང་ར་གིས་རིག་པ་ལྷབ་སྦྱངས་འབད་དེ་ མཁས་མཆོག་ཅིག་ལུ་གྱུརཝ་མེན་པར་ ལྷ་ཆེན་དབང་ཕྱུག་གིས་གནང་པའི་ འགྲོ་བ་སེམས་ཅན་སེམས་གྱི་ལུས་ཀྱི་ནད་ཚུ་ སེལ་ཚུགས་པའི་ལུང་བསྟན་དགོཔ་ཨིནམ་དང་ མི་ག་ར་འབད་རུང་ དེ་བཟུམ་མའི་ལུང་བསྟན་ཡོད་པའི་མི་འདི་ རང་བཞིན་གྱིས་ ཇག་ཀིརི་ཡོན་ཏན་དང་ལྡན་སྦེ་འོང་པའི་ཁར་ ཆུང་ཀུ་བསྒང་ལས་ ནད་གཞི་མ་འདྲཝ་ཚུ་གིས་བཟུན་ཏེ་འོང་པའི་ལོ་རྒྱུས་འདུག། ནད་རྟགས་ཚུ་ཡང་ འཕྲལ་འཕྲལ་ར་ཕོཝ། མགུ་ཏོ། མགུ་འཁོར་ནི། སྐེདཔ་ན་ནི་དང་ དེ་ལས་ གཟུགས་ཀྱི་ཡན་ལག་ཚུ་ཡང་ རང་གིས་བཀག་མ་ཚུགསཔ་སྦེ་བྱུངམ་ཨིན་དང་ ལ་ལུ་ཅིག་ ཇག་ཀིརིའི་ལུང་བསྟན་ཡོད་མི་ཚུ་གིས་ འཁྲུལ་པའི་ཉམས་ཤར་ནི་ཚུ་བྱུང་སྲོལ་ཡོདཔ་ཨིན་མས། སྐྱེས་ལོ་ ༦༥ ལང་མི་ ཇག་ཀིརི་མན་བྷིར་ཁ་དྷལ་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ལུང་བསྟན་ཅན་གྱི་མི་དེ་ ཨའི་གི་ཕོཝ་ནང་ཆགས་པའི་སྐབས་ལས་ མ་འདྲཝ་སྦེ་འོང་ཡོདཔ་མ་ཚད་ ཨའི་གིས་ཡང་ ཨ་ལུ་ཕར་ཚུར་སྤར་ནི་དང་ གསིག་ནི་ཚུ་གི་ཚོར་བ་བྱུངམ་ཨིན་ཟེར་བཤད་ནི་འདུག། ཇག་ཀིརི་ལུ་མངོན་ཤེས་ཡང་ མི་གཙང་སྦྲ་ཐོག་ལུ་སྡོད་མི། སེམས་ཁམས་རྣམ་དག་ཡོད་མི། དེ་ལས་ གཟུགས་ཁམས་ཀྱི་འཕྲོད་བསྟེན་ཡང་ སྒྲིང་སྒྲི་ཡོད་མི་ཚུ་ལུ་བྱུངམ་ཨིནམ་དང་ བར་སྐབས་རེ་ བླམ་རྒྱལ་བ་གོང་མའི་སྤྲུལ་སྐུའི་རྣམ་པ་སྦེ་ཡང་བྱོན་སྲོལ་ཡོདཔ་ལས་ ཐུགས་རྟགས་ཞུ་མི་ཚུ་གི་ ཚེ་རབས་སྔ་མའི་སྐྱེ་བ་དང་ལས་ཚུ་གི་སྐོར་ལས་ བཤད་དེ་བྱིན་ཚུགསཔ་ཨིན་མས། མཱན་བྷིར་ཁ་དྷལ་གྱིས་ ཇག་ཀིརི་ཚུ་རེ་གཉིས་ལས་མ་གཏོགས་ འཁྲུངས་སྲོལ་མེདཔ་ལས་ ད་ལྟོ་བཞུགས་ཡོད་མི་ ཇག་ཀིརི་ཚུ་མང་ཤོས་ཅིག་ སྤྱི་ལོ་ ༡༩༩༠ གི་ཧེ་མ་གི་ཨིནམ་དང་ ལ་ལུ་ཅིག་སྤྱི་ལོ་ ༡༩༩༠ ལོའི་ལྷོ་མཚམས་པའི་འབྱེལཝ་ལས་བརྟེན་ཏེ་ རྒྱལ་ཁབ་སྤངས་ཏེ་སོང་ཡོདཔ་སྦེ་བཤད་ཨིན་མས། གཡུས་མི་ཚུ་གིས་ དྷ་མི་འདི་ རྩ་ཅན་ཅིག་སྦེ་བརྩི་བཀུར་ཞུ་མི་ཡང་ ཁོང་གིས་ སྨན་ཁང་ནང་ལུ་ཡུན་རིངམོ་སྦེ་སྨན་བཅོས་འབད་དེ་ མ་དྲག་པར་ལུས་ཡོད་མི་ཚུ་ རིམ་གྲོའི་ཐབས་ལམ་གཞན་གྱི་སྒོ་ལས་ འགོ་འདྲེན་འཐབ་སྟེ་ དྲག་ཚུགས་པའི་ཕན་པ་ཚུ་ཡོདཔ་ཨིནམ་ལས་ ཇག་ཀིརི་གི་རིམ་གྲོ་དེ་ གཡུས་མི་མང་ཤོས་ཀྱིས་ ཡིད་དང་དག་སྣང་སྐྱེད་སྲོལ་ཡོདཔ་སྦེ་བཤདཔ་ཨིན་མས། མན་བྷིར་ཁ་དྷལ་གྱི་ཨམ་སྲུ་ དེའུ་མ་ཡ་གིས་ གལ་སྲིད་མི་ཅིག་ གདོན་དང་འབྱུང་པོ་ཚུ་གི་རླམས་ཞུགས་ཏེ་ མགུ་འཁོར་ནི་དང་ སྐེདཔ་ན་ནི། ཡང་ཅིན་ ན་ཚ་རེ་ཚུ་བྱུང་པའི་སྐབས་ལུ་ དེ་འཕྲོ་ལས་ ནདཔ་ཚུ་མོ་གི་རྨགཔ་འབད་ས་ལས་ གྲོགས་རམ་ཞུ་བར་འོང་སྲོལ་ཡོད་ཟེར་བཤདཔ་ནི་འདུག། མཱན་བྷིར་ཁ་དྷལ་འདི་ ཁོ་རའི་ཕམ་ཚུ་དང་མཉམ་གཅིག་མི་ཚེ་ཧྲིལ་བུམ་ འཛོམས་གླིང་སྨད་ལུ་སྡོད་དོ་ཡོདཔ་དང་ ཁོ་ཇག་ཀིརི་སྦེ་ངོས་འཛིན་ འབད་ཞིནམ་ལས་ཚུར་ རྩི་རང་རྫོང་ཁག་རྐྱངམ་གཅིག་གིས་མ་དོ་བར་ གཡུས་གཞན་ལས་ཡང་ ན་ཚ་གིས་གདུང་སྡོད་མི་ཉམས་ཆུང་མང་རབས་ཅིག་ སྨན་བཅོས་རིམ་གྲོ་འབད་དེ་ ནད་རིགས་ཚུ་ལས་གསོ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕྱི་པའི་སྨན་བཅོས་དང་རང་ལུགས་ཀྱི་སྨན་བཅོས་རིམ་གྲོ་གཉིས་ཆ་ར་ ཟུང་འབྲེལ་སྦེ་བསྟེན་སྲོལ་ཡོདཔ་ཨིན་མས། དཔའ་བོ་དེ་གིས་ བདུན་ཕྲག་དག་པ་ཅིག་གི་ཧེ་མ་ གཟེར་ནད་ཀྱི་བཟུན་པའི་ནདཔ་ བུམོ་ཅུང་དང་མཉམ་གཅིག་ ཕམ་ཚུ་ཁོ་འབད་སར་འོང་སྟེ་ རིམ་གྲོ་ཡང་ཁོ་རའི་ཁྱིམ་ནང་སྦེ་འགོ་འདྲེན་འཐབ་ཞིནམ་ལས་ ཧེ་མ་ ངེའི་ཁྱིམ་ནང་འོང་པའི་སྐབས་ སྒྱེལ་ཏོ་ཁར་བའག་སྟེ་བཀལ་ཡོདཔ་དང་ ཤུལ་ལས་ ནདཔ་དེ་ཆ་རོགས་མ་དགོ་པར་ མོ་ར་གིས་ལམ་འགྱོ་ཚུགསཔ་སྦེ་ཐལ་ཡོདཔ་སྦེ་བཤད་ཅི། གནས་ཚུལ་དེ་བཟུམ་ལུ་བལྟ་བ་ཅིན་ མི་ཚུ་གིས་ ད་རེས་ནངས་པའི་འཛམ་གླིང་གི་གནས་སྐབས་ལུ་ཡང་ རང་ལུགས་སྨན་བཅོས་རིམ་གྲོ་ལུ་ ཡིད་ཆེས་དང་དག་སྣང་ཡོདཔ་ཨིནམ་ཤེས་ཚུགས་པས།Country : འབྲུག།
-
ལྷ་བོན་དམ་ལྷ་འབོད།ལྷ་བོན་ཡང་ཅིན་ ལྷ་འབོད་ཟེར་མི་འདི་ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་དང་གཡུས་ས་གཡུས་ཚན་ཚུ་ནང་ལུ་ འགོ་འདྲེན་འཐབ་དུས་སྟོན་ཁྱད་དུ་འཕགས་པ་ཅིག་ཨིན། མིང་གནས་ཀྱི་འགྲེལ་བཤད་ཡང་ ལྷ་ཟེར་བ་ཅིན་ སྲུང་མ་ལུ་གོ་ནི་དང་ བོན་ཟེར་བ་ཅིན་ བོན་པོའི་ཆོས་ལུགས་ལུ་གོ་སྲོལ་དང་ དེ་ལས་ འབོད་ཟེར་བའི་མིང་ཚིག་གིས་འབོ་པའི་དོན་དང་ དེ་ལྷ་ལུ་སྦྱར་ཏེ་གོ་དོན་འགྲེལ་བ་ཅིན་ ལྷ་འབོ་ནི་དང་ཞུ་བའི་དོན་ཨིན་མས། ལྷ་བོན་དུས་སྟོན་གྱི་སྐབས་ལུ་ གཡུས་ཁའི་མི་ཚུ་གིས་ ཡུལ་གྱི་གཞི་བདག་ ཡུལ་བཙན་རྡོ་རྗེ་བྲག་བཙན་དང་ སྨན་མོ་བཀྲ་ཤིས་དབང་འཛོམས། དེ་ལས་ བོན་ལུགས་ཀྱི་ལྷ་ཆེན་འོ་དེ་གུང་རྒྱལ་ཚུ་ ལྷ་ཞུ་སའི་ས་སྒོ་ནང་སྦེ་ གནས་སྐབས་ཀྱི་དོན་ལུ་བཅའ་བསྒྲིགས་རྐྱབ་ཡོད་པའི་ ལྷ་ཁྱིམ་ནང་ལུ་ཞུཝ་ཨིན་མས། དེ་ནང་ལུ་གདན་འདྲེན་ཞུ་ཞིནམ་ལས་ མི་ཚུ་གིས་ད་ཚུན་གྱི་རིང་ལུ་ སྒེར་རྐྱང་རང་གི་མཐའ་དོན་ལུ་ ཉིན་གྱི་བྱ་ར། མཚན་མོའི་སྐྱབས་དང་སྡོང་གྲོགས་མཛད་གནང་མི་དང་ དུས་རྒྱུན་གྱི་བྱ་བ་ལམ་འགྲོ་ཚུ་ནང་ ལམ་སྟོན་མཛད་གནང་མི་ལུ་བཀའ་དྲིན་དགའ་ཚོར་ཞུ་ནི་དང་ དེ་མ་ཚད་ སྤྱིར་བཏང་གཡུས་ཚན་ནང་ལུ་ཨུན་པ་ཅིན་ ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་བབས། ནད་ཡམས། མུ་གེ། རྒོད་ཁ་ལ་སོགས་པའི་བཀྲ་མ་ཤིས་པ་ཚུ་ཞི་སྟེ་ ཕུན་སུམ་ཚོགས་པའི་ངང་ལུ་གནས་བཅུག་མི་ལུ་ གཡུས་མི་ག་ར་གིས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ལས་ བཀའ་དྲིན་དགའ་ཚོར་གྱི་གཏང་རག་ཕུལ་བའི་ཚུལ་ཨིན་མས། དུས་སྟོན་འདི་ ལོ་བསྟར་བཞིན་དུ་ ཉིནམ་གསུམ་གྱི་རིང་ལུ་ གསོལ་མཆོད་ཕུལ་ནིའི་ལས་རིམ་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་དང་ དེའི་སྐབས་ལུ་ གཡུས་མི་དྲག་ཞན་བར་གསུམ་མེད་པར་ཆ་མཉམ་འཛོམས་ཏེ་ དོ་རུང་ད་ལས་ཕར་ཡང་ མི་ལུ་ན་ཚ། སྒོ་ནོར་སེམས་ཅན་ཚུ་ལུ་རྒོད་ཁ། ལོ་ཐོག་ཚུ་ལུ་ནད་ཡམས་དང་ སྤྱིར་སེམས་ཅན་ཚུ་ལུ་མུ་གེ་འབྱུང་མི་བཅུག་ནིའི་ སྨོན་བཏབ་ནིའི་དུས་ཚོད་བཟང་པོ་ཅིག་ཨིན་མས། དུས་སྟོན་གི་སྐབས་ལུ་ འགན་ཁུར་གཙོ་བོ་འབག་མི་འདི་ གཡུས་མི་རྒས་ཤོས་ཅིག་ཨིན་མི་ ཕ་ཇོ་ཟེར་མི་དང་ དེ་ལུ་ཆ་རོགས་འབད་མི་དཔའ་མཛངས་པ་ ན་གཞོན་ཕོ་རྒྱའི་རིགས་ཚུ་ཨིནམ་མ་ཚད་ ཨམ་སྲུ་ཚུ་གིས་ཡང་ གླུ་དང་གར་གྱི་མཆོད་པ་ཚུ་ཕུལ་ནིའི་དོན་ལུ་ གྲལ་ཁར་གཏོགས་ཏེ་ དགའ་སྤྲོ་སྟོན་ནིའི་དུས་ཚོད་ཅིག་ཡང་ཨིན་མས། དང་ཕུ་ཨིན་པ་ཅིན་ ལྷ་འབོད་ཀྱི་སྐབས་ལུ་ ནོར་སེམས་ཅན་ཚུ་དམར་བསད་འབད་དེ་ ཤ་དང་ཁྲག་གིས་མཆོད་པ་ཕུལ་སྲོལ་ཡོད་རུང་ སྲོལ་ངན་དེ་ ལོ་མང་རབས་ཅིག་གི་ཧེ་མ་ལས་ཤོལ་བཞག་སྟེ་ ད་རེས་ནངས་པ་འབད་བ་ཅིན་ ཤ་ཁང་ནང་ལས་ཤ་ཉོ་སྟེ་ གསོལ་མཆོད་པ་ཕུལ་སྲོལ་ཡོདཔ་ཨིན་མས།Country : འབྲུག།
-
ཚིགས་བཙུགས་ནི།གཡུས་མི་རྒས་ཤོས་ཅིག་དང་ གཡུས་ལུགས་ཀྱི་རྐང་ཚིགས་ལག་ཚིགས་བཙུགས་ནི་དང་སྒྲིག་ནི་ལུ་ ཉམས་མྱོང་ཅན་ཅིག་ཨིན་མི་ ཨཔ་ཐུགས་བརྟན་འདི་ ཀྲོང་གསར་རྫོང་ཁག བྲག་སྟེང་རྒེད་འོག་གི་ གཡུས་སའི་གཡུས་ཚན་ནང་ རང་ལུགས་ཀྱི་སྨན་བཅོས་ཐབས་ཤེས་ཀྱི་ཞབས་ཏོག་ཕུལ་མི་ སྐད་ཅན་མིང་ཅན་ཅིག་ཨིན་མས། ཁོ་ལུ་ དེ་བཟུམ་མའི་མཁས་མཆོག་འདི་ མི་ལོ་ ༤༠ གི་ཉམས་མྱོང་ཡོདཔ་དང་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ དང་ཕུ་ འབྲུག་མི་ཚུ་ མི་གི་རྐང་ལག་འབལ་འགྱོ་མི་ཚུ་ལོག་བཙུགས་ནི་དང་ ཆག་དཀྲུམ་ཤོར་མི་ཚུ་ སྒྲིག་ཁམས་རྐྱབ་ནི་གི་ཡོན་ཏན་དང་འབྲེལ་བའི་ སྤྱིར་བཏང་དྲུང་འཚོ་ལྷབ་སྦྱང་འབད་བར་ ཆེད་དུ་མངགས་ཏེ་ བོད་གངས་ཅན་གྱི་ལྗོངས་ལས་ཕར་ དཀའ་སྡུག་སྤྱད་དེ་འགྱོ་སྲོལ་ཡོདཔ་ སྦེ་བཤད་ཅི། ཨིན་རུང་ གཡུས་ཚན་ལ་ལུ་ཅིག་གི་ནང་བཟུམ་སྦེ་ གཡུས་ལུགས་ཀྱི་རིག་པ་དང་ཉམས་མྱོང་གི་ཐོག་ལས་ བཅོས་ཁ་རྐྱབ་ཚུགས་མི་གཅིག་ ཨཔ་ཐུགས་བརྟན་གྱི་ཚེ་འདས་ཨ་པ་ཨིནམ་དང་ ད་ལྟོ་ ཨཔ་ཐུགས་བརྟན་གྱི་རྒྱུད་ལུ་ཡོད་མི་མཁས་མཆོག་ཚུ་ཡང་ ཁོ་རའི་ཨཔ་ལས་ཐོབ་པའི་ཡོན་ཏན་ཚུ་ཨིན་མས། ཨཔ་ཐུགས་བརྟན་གྱིས་ ཧེ་མ་ཁོ་རའི་ཨ་པ་གིས་གཡུས་མི་ཚུ་ལུ་ རྐང་ཚིགས་ལག་ཚིགས་ཚུ་ བཅོས་ཁ་རྐྱབ་སྟེ་བྱིན་པའི་སྐབས་ ལེགས་ཤོམ་སྦེ་བལྟ་བཞག དེ་ལས་ ཁ་སྐོང་བསླབ་བྱ་དང་ཡོན་ཏན་ཚུ་གནང་པའི་གུ་ལུ་ ལག་ལེན་མང་སུ་སྦེ་འཐབ་པའི་བསྒང་ལས་ ཉམས་མྱོང་ཚུ་ཡང་ངམ་ངམ་ཤུགས་ཀྱི་ཐོབ་ཡོདཔ་ཨིན་མས། ཁོ་གིས་ ལོ་གཅིག་གི་ནང་ལུ་ མི་ཉུང་མཐའ་ ༡༠ ལས་ ༡༥ གི་བར་ན་ལུ་ སྨན་བཅོས་ཀྱི་གྲོགས་རམ་ཕུལ་དོ་ཡོདཔ་མ་ཚད་ ཁོ་གིས་ཕན་པའི་ཞབས་ཏོག་བསྒྲུབས་མི་ལུ་ མི་ཆ་མཉམ་གྱིས་ཡིད་ཆེས་དང་ངལ་རངས་སྦོམ་སྐྱེདཔ་ཨིན་མས། དེ་འབདཝ་ལས་བརྟེན་ ཨཔ་ཐུགས་བརྟན་གྱིས་ཡང་ ཉམས་རྐྱེན་བྱུང་མི་མི་དྲག་ཞན་ག་ར་ཨིན་རུང་ འཚེར་སྣང་དང་གླ་ཆ་ཚུ་ག་ནི་ཡང་མ་ལེན་པར་ བྱམས་པ་དང་སྙིང་རྗེའི་སྒོ་ལས་ མི་ཚུ་ལུ་ཞབས་ཏོག་ཕུལ་དོ་ཡོདཔ་མ་ཚད་ ཁོ་གིས་བཤད་མི་ནང་ ཧེ་མ་འབད་བ་ཅིན་ མང་ཤོས་ཅིག་ན་གཞོན་ཚུ་དང་ ཨ་ལུ་ཆུང་ཀུ་ཚུ་བཅོས་ཁ་རྐྱབ་སྲོལ་ཡོདཔ་དང་ འདི་ཡང་ ཨ་ལུ་ཚུ་གཟུགས་སྟོབས་རྒྱས་པའི་བསྒང་འབདཝ་ལས་ དྲག་ནི་ལུ་མགྱོགས་སུ་ཡོདཔ་དང་ མི་རྒས་ཤོས་ཚུ་ཨིན་པ་ཅིན་ དྲག་པའི་དུས་ཡུན་ཡང་ རིང་སུ་སྦེ་འགོར་དོ་ཡོདཔ་མ་ཚད་ གལ་སྲིད་རྐྱེན་ཆ་སྦོམ་འབད་ཡོད་པ་ཅིན་ དྲག་ནི་ལུ་ལོ་ངོ་གཅིག་ཡང་འགོར་དོ་ཡོདཔ་སྦེ་བཤད་ནི་འདུག། ནདཔ་ཚུ་ཁོ་འབད་སར་འོངམ་ད་ དང་པ་ར་ ནདཔ་གི་སྐྱེས་ལོ་དང་ རྐངམ་དང་ལགཔ་གི་རྩ་ཚུ་ཞིབ་ཞིབ་སྦེ་ དཔྱད་པ་གཏང་ཞིནམ་ལས་རྐྱངམ་གཅིག་ གནས་སྟངས་ཚུ་ག་དེ་སྦེ་ཨིན་ན་ངོས་འཛིན་འབད་དེ་ བཅོས་ཁ་རྐྱབ་བྱིན་དོ་ཡོདཔ་ཨིན་མས།Country : འབྲུག།
-
སྔོན་ཁའམ་སྔན་ཁ།བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་ ཧེ་མ་ སློབ་པ་ལམ་གྱི་གནས་སྐབས་ལུ་ བྱང་ཆུབ་སེམས་དཔའ་རྒྱལ་པོའི་སྲས་ དྲི་མེད་ཀུན་ལྡན་གྱི་སྐུའི་སྐྱེ་བ་བཞེས་ཏེ་ འགྲོ་བ་སེམས་ཅན་ག་ར་ ཕ་མར་ཤེས་པའི་སྙིང་རྗེ་ཤུགས་དྲག་པོ་ ཀུན་རྫོབ་ཀྱི་སེམས་བསྐྱེད་དེ་སྦྱིན་པ་གཏོང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་བློ་སྦྱང་སྟེ་ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་དུས་སྐབས་ལུ་ ཡབ་རྒྱལ་པོའི་བང་མཛོད་ལས་ ནོར་བུ་དགོས་འདོད་སྤུངས་འཇོམས་ སྦྱིན་པ་གཏང་བའི་རྐྱེན་གྱིས་ བྱང་ཕྱོགས་ཀླ་ཀློའི་ཡུལ་ང་བཅས་རའི་རྒྱལ་ཁབ་ནང་ལུ་ མཐར་བཤུད་གཏང་པའི་སྐབས་ལུ་ ཇོ་བོ་དུར་ཤིང་གི་གསེབ་ལས་ཡར་ རྒྱལ་སྲས་ཁོ་ར་དང་བཙུན་མོ་སྲས་སྲོས་བཅས་ཕེབས་པའི་ ལམ་བར་གྱི་བྱང་ཆུབ་སེམས་པའི་ མཛད་རྒྱ་རླབས་ཆེན་དང་འབྲེལ་བའི་ ས་གནས་ཀྱི་མིང་ལེ་ཤ་ཅིག་བཏགས་གནང་མི་ནང་ལས་ རྒྱལ་སྲས་མཆོག་གིས་ ཁོ་རའི་ཆིབས་རྟ་འདི་ཡང་ བརྩེ་བའི་ཐོག་ལས་ས་གནས་ཀྱི་ཨ་རྒས་ལྷང་མི་ཅིག་ལུ་ སྦྱིན་པ་གཏང་བའི་ས་སྒོ་འདི་ ད་ལྟོ་བརྗོད་སྒྲའི་ཟུར་ཉམས་ཏེ་ རྟ་བརྩེ་ལུ་སྟག་རྩེ་ཟེར་གཡུས་ཚན་འདིའི་མིང་ དེ་སྦེ་ནར་ཡོདཔ་ཨིནམ་སྦེ་ རྒས་ཤོས་ཚུ་གིས་ངག་རྒྱུན་སྦེ་སླབ་ནི་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ ཡུལ་ལྗོངས་འདི་ རྣམ་འདྲེན་བཞི་པ་སངས་རྒྱས་བཅོམ་ལྡན་འདས་ འཛམ་བུ་གལིང་ནང་མ་བྱོན་པའི་སྔ་གོང་ལས་ མི་ཚུ་གཞིས་བཅགས་ཏེ་ཡོད་པའི་སྒྲུབ་བྱེད་སྟོནམ་མ་ཚད་ གཡུས་དེ་ཚུའི་ནང་ལུ་ བརྡ་དོན་སྤྲོད་ལེན་འབད་པའི་ཁ་སྐད་ལུ་ཡང་ སྔོན་ཁའམ་སྔན་ཁ་ཟེར་སླབ་སྲོལ་དང་ དེ་བཟུམ་སྦེ་ རྫང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ཞིབ་འཚོལ་འབད་དེ་ པར་སྐྲུན་འབད་ཡོད་པའི་ རྫོང་ཁའི་བརྡ་ཡིག་གི་དཔེ་དེབ་ཚུ་ནང་ལུ་ འབྲུག་པའི་སྐད་རིགས་ཀྱི་ནང་ཚུད་དེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ནང་ལུ་ སྐད་རིགས་མ་འདྲཝ་ ༡༩ དེ་ཅིག་དང་ ཁ་སྐད་མ་འདྲཝ་ལེ་ཤ་ཅིག་ཡོད་པའི་ནང་ལས་ ཀྲང་གསར་རྫོང་ཁག་གི་ རྒེད་འོག་ལྔ་གི་ནང་ལུ་ སྐད་རིགས་ཡང་ ནུབ་པའི་དང་གླང་མཐིལ་མནའ་སྦིས་སྐོར་ཕུག་པའི་ ཁེངས་དང་བུམ་ཐང་པའི་སྐད་དང་ཆ་མཚུངསམ། བྲག་སྟེང་སྟང་སི་སྦིས་ཀྱི་སྔོན་ལུང་ཁའམ་སྔན་ཁ། དེ་ལས་ མོན་པའི་གཡུས་ཚན་ཚུ་གི་ མོན་སྐད་རིགས་བཅས་མ་འདྲཝ་གསུམ་ཡོདཔ་ཨིན་རུང་ སྤྱི་བསྡོམ་ལུ་ མང་སྡེ་པའི་སྐད་དམ་ མང་འདུས་པའི་ཁ་སྐད་ཟེར་ འབྲུ་སྣའི་རིགས་མངམ་སྦེ་འཚོ་པའི་གཡུས་ཟེར་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ ལྗགས་རྩོམ་ནང་ལུ་བཤད་དེ་འདུག།Country : འབྲུག།
-
རང་འཐགལྷོ་མཚམས་པའི་ཁ་སྐད་ལས་ འབྲུ་སྣའི་རིགས་ཚུ་ཕྱེ་ཐགས་ནི། པགས་ཀོ་བཤུབས་ནི། ཕུད་རྡོག་ཆུང་སུ་སྦེ་བཟོ་ནིའི་ གནའ་བོའི་ལུགས་ཀྱི་ཅ་ཆས་ རང་འཐག་ལུ་ ཇ་ཏོ་ཟེར་ བྱག་དང་ཆུ་གི་མཐའམ་བདའ་སྟེ་ འཐོབ་སྲོལ་ཡོད་པའི་ རྡོ་ག་ནི་བ་སྲ་ཀྲ་ཚུ་ལས་ ཁབ་ཏོག་ཆུང་སུ་དང་མབ་ཏོག་དུམ་གྲ་ཅིག་སྦོམ་སུ་སྦེ་ དཔྱེ་བཞེས་སྒོ་བཟའ་ནིའི་ཧོད་ ཟླ་པ་བཟུམ་སྦེ་ དབྱིབས་ཐད་སྒོར་སྒོར་སྦེ་འོངམ་ཨིནམ་དང་ ཁབ་ཏོག་གི་སྦུག་ཕྲང་སྟེ་ འབྲུ་ཚུ་ཨ་ཙི་རེ་སྦེ་བླུགས་ནིའི་དོན་ལུ་ ཁ་ཕོརཔ་བཟུམ་བཟོ་བའི་སྦུག་ལས་དོང་བཏོན། དེ་ལས་ ལགཔ་གིས་སྒྱིར་ནིའི་དོན་ལུ་ ཁབ་ཏོག་གི་མཐའམ་ལུ་དོང་སྤེད། དེ་ནང་ ཤིང་ཇུ་རིལམོ་ཅིག་བཟུང་ཤིང་སྦེ་བཙུགས་ཏེ་འོངམ་ཨིན་མས། རང་འཐག་བཟོ་ནིའི་དོན་ལུ་ རྡོ་སྤྱི་རིགས་སྣ་ཚོགས་ཀྱིས་བཟོ་མི་བཏུབ་དོ་ཨིནམ་དང་ རྡོའི་རིགས་ཡང་ལྷམ་པ་མ་འདྲཝ་ གཉིས་རྐྱངམ་གཅིག་ལས་བཟོ་སྲོལ་ཡོདཔ་ཨིན་མས། རྡོ་རབ་འདི་ ཁ་དོག་གནགཔོ་སྦེ་ ལྷོ་མཚམས་པའི་ཁ་སྐད་ལས་ ཀུ་རིང་རྡོ་དེ་ཨིནམ་སྦེ་ཆ་བཞགཔ་ཨིནམ་དང་ གཞན་མི་འདི་ རྡོ་དཀརཔོ་གུར་གནགཔོ་གི་ཐིག་ཁྲ་སྦེ་ཡོད་མི་ཚུ་ འབྲིང་སྦེ་བརྩིཝ་ཨིན་མས། དེའི་བྱེད་ལས་ཡང་ སྤྱིར་བཏང་འབྲུ་སྣའི་རིགས་ཚུ་ ཕྱེ་འཐག་ནི་དང་དཀྲུམ་ནིའི་དོན་ལུ་ རང་འཐག་སོ་སོ་སྦེ་བཟོ་དོ་ཡོདཔ་དང་ འདི་ཡང་ གེ་ཟ་ཚུ་འཐག་ནི་ཨིན་པ་ཅིན་ རང་འཐག་གི་རྡོ་ལེབ་གཉིས་ཀྱི་ནང་ལུ་ ཁྲ་བཀོད་རྩུབ་སུ་འཚམས་ཅིག་བཟོ་དགོཔ་དང་ དེ་ལས་ མེནམ་བྱཱ་དང་ཀར་ནག་གི་ཕྱེ་འཐག་ནི་ཨིན་པ་ཅིན་ ཁྲ་བཀོད་ཀྱི་རིས་མོ་མཇམ་སུ་འཚམས་སྦེ་བཟོ་སྟེ་འོངམ་མ་ཚད་ སྦོམ་ཆུང་འབད་བ་ཅིན་ གེ་ཛ་འཐག་མི་ལས་དུམ་གྲ་ཅིག་ ཆུང་སུ་སྦེ་འོངམ་ཨིན་མས། དེ་སྦེ་ བཟོ་དབྱིབས་དང་སྦོམ་ཆུང་ག་ཅི་འབད་བཟོཝ་ཨིན་ན་ཟེར་བ་ཅིན་ གེ་ཛའི་འབྲུ་ཚུ་ཕུད་རྡོག་སྦོམ་པའི་གུར་ སྐམས་ཏེ་སྲ་ཀྲ་སྦེ་འོངམ་ཨིནམ་དང་ དེ་འཐག་ནིའི་དོན་ལུ་རང་འཐག་སྦོམ། ལྗིད་ལྕི་དྲག་སྦེ་དགོཔ་དང་ དེ་ལས་ གཞན་ཚུ་འབྲུའི་ཕུད་རྡོག་ཡང་ཆུང་སུ། དེ་ལས་ ཕྱེ་སྦེ་འཐག་ནི་ལུ་ ལག་ལེན་འཐབ་ལས་བརྟེན་ རྒྱ་ཆུང་སུ་སྦེ་བཟོཝ་ཨིན་མས། དེ་གུར་ རྒྱུག་ཆུ་ལག་ལེན་འཐབ་སྟེ་ རྡོ་གི་རང་འཐག་ལུ་ཆུ་འཐག་ཟེར་ རྡོ་གི་རྒྱ་སྦོམ་ཆུང་དང་ མི་གི་ལགཔ་གིས་ སྒྱེར་དགོ་མི་དགོ་གི་ཁྱད་པར་ཙམ་ལས་ དེ་གི་ལཱ་འབད་ཐངས་དང་འཐོན་སྐྱེན་བཏོན་ཐངས་ལུ་ ཁྱད་པར་མེདཔ་ཨིན། རྒྱུ་རྡོ་ལས་བསྒྲུབས་པའི་རང་འཐག་དང་ཆུ་འཐག་ཚུ་ ལག་ལེན་འཐབ་ནི་འདི་ འཛམ་གླིང་ནང་ལུ་མི་རབས་ཆགས་ཏེ་ མི་ལོ་ ས་ཡ་ ༣་༣ གྱི་ཧེ་མ་ རྡོ་ཆས་སྤྱོད་པའི་ལོ་ཚིགས་འགོ་བཙུགས་ཏེ་ ཤུལ་ལས་ སོ་ནམ་གྱི་ལཱ་འགོ་བཙུགས་ལོ་ཚིགས་ ༡༡་༧༠༠ ལས་ འཚོ་བ་འབྲུ་སྣ་ལ་སོགས་པའི་ཕྱེ་འཐག་སྟེ་ ལོངས་སྤྱོད་མི་ལས་ཚུར་ ལག་ཆས་དེ་ཚུ་ གསར་བཏོད་འབད་ཡོད་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ ནང་བཅུད་ཀྱི་སེམས་ཅན་དང་ འགྲོ་བ་མི་རིགས་ཆགས་མི་ལས་ཚུར་ ཁྱིམ་ཆས་དང་སོ་ནམ་དང་འབྲེལ་བའི་ གཡུས་ལུགས་ཀྱི་མཁོ་ཆས་རྙིང་ཤོས་ཅིག་ཨིནམ་ རྩོད་པ་དང་འབྲལ་བའི་དོན་ཚན་ཅིག་ཨིན། ལག་ཆས་དེ་ ད་ལྟོའི་བར་ན་ཡང་ མཐའ་ཟུར་གྱི་གཡུས་ག་ཏེ་ལུ་ཡང་ ཁྱིམ་གྱི་སྒོ་ཁར་དང་སྦ་ཁེ་ལོགས་ལུ་ རང་འཐག་མཐོང་སྲོལ་དང་ དེ་བཟུམ་སྦེ་ གཡུས་ཀྱི་སྦུག་དང་འཇུག ཡང་ཅིན་ ཟུར་ཁ་ལུ་རྒྱུག་ཆུ་ཡོད་སར་དང་ ཡང་ཅིན་ ལུངམ་གི་ནང་ལས་རྒྱུག་ཆུ་འདྲངས་ཏེ་ ཆུ་འཐག་གི་ཁྱིམ་བཟོ། ནང་ན་ལུ་ཆུ་འཐག་བཙུགས་ཏེ་ འབྲུ་སྣའི་རིགས་ཚུ་འཐོན་སྐྱེད་མ་འདྲཝ་ཚུ་བཏོན་ནི་ལུ་ གཡུས་མི་དམང་གིས་ད་ལྟོའི་བར་ན་ཡང་ ཧཱ་དང་དགའ་ས་རྫོང་གི་འོག་ ཆོས་ལེགས་གཡུས་ཚན་གྱི་ལྟག་ལུ་ དཔལ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངཁ་དབང་རྣམ་རྒྱལ་གྱི་ཕྱག་བཟོ་ ཆུ་འཐག་གཡས་བསྐོར་མ་དང་ དེ་བཟུམ་སྦེ་ བུམ་ཐང་རྫོང་ཁག་ གཏམ་ཞིང་ལྷ་ཁང་དང་ཆོས་འཁོར་བཞུགས་བྲག་ (ཤུག་བྲག) དགོན་པའི་ཉེ་འདབས་ལུ་ གཏེར་སྟོན་ཆེན་མོ་པདྨ་གླིང་པའི་ཕྱག་བཟོ་ ཆུ་འཐག་གཡས་བསྐོར་མ་ཚུ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན། དང་ཕུ་ ལག་བཟོ་མཁནམ་ཚུ་གིས་རང་འཐག་བཟོ། དེ་ཚོང་སྒྱུར་དང་ འབྲུ་སྣའི་རིགས་གཞན་ཚུ་དང་བརྗེ་སོར་འབད་དེ་ འཚོ་བ་སྐྱོང་སྲོལ་ཡང་ཡོདཔ་ཨིན། བཟོ་རིགཔ་ལག་ཤེསཔ་ཚུ་གིས་ དེ་བསྒང་འབད་བ་ཅིན་ མཁོ་འདོད་དང་འཁྲིལ་ཏེ་ རང་འཐག་དང་ཆུ་འཐག་ ཆེ་ཆུང་སྣ་ཚོགས་བཟོ་སྐྲུན་འབད་སྲོལ་ཡོད་ཡང་ ད་རེས་ནངས་པ་འབད་བ་ཅིན་ གློག་འཕྲུལ་རང་འཐག་སྣ་ཚོགས་ཐོན་ནི་དེ་གིས་ བཟོ་རིག་ལག་ཤེས་འདི་ ཉམས་ཉེན་གྱི་དུམ་ཁར་ལྷོད་དེ་ཡོདཔ་ཨིན།Country : འབྲུག།
-
ཨཱ་སཱ་ནེ། བལ་གདན།ལྷོ་མཚམས་པའི་ཁ་སྐད་ལས་ ཨཱ་སཱ་ནེ་ཟེར་ རྒྱུ་ལུག་གི་སྤུ་ལུ་རང་བཞིན་གྱི་ཚོས་རྐྱབ་ཞིནམ་ལས་ གདན་ཐགས་ཡོད་མི་ བལ་གྱི་གདན་ལུ་སླབ་ཨིན། གདན་གྱི་ཁྲ་འདི་ མང་ཤོས་གཞི་དཀརཔོ་གུར་ གནགཔོ་གི་ཐིག་ཁྲ་རྐྱབ་སྟེ་འོངམ་ཨིནམ་དང་ མིང་གནས་ ཨཱ་སཱ་ནེ་འདི་ཡང་ གུས་བཀུར་གྱི་དོན་དང་བཅསཔ་སྦེ་ མིང་གི་རྣམ་གྲངས་ ཨཱ་སཱན། གཱ་རཱན། གར་ནུསི་ཟེར་བའི་མིང་ཚིག་ཚུ་གི་ ས་ཁར་བཞུགས། ཡང་ཅིན་ སྡོད་གནང་ཟེར་བའི་དོན་ཨིནམ་དང་ དེ་ལས་ ཨཱ་སཱན་ལུ་ ཚིག་གྲོགས་ནེ་སྒྲ་སྦྱར་བ་ཅིན་ མིང་རྐྱང་ བཞུགས་ནིའི་གདན་ལུ་གོཝ་ཨིན། གདན་གྱི་ཁྲ་ཚུ་ཡང་ ཚོས་འདྲ་མིན་སྣ་ཚོགས་ འཐོབ་ཐངས་དང་འཁྲིལ་ཏེ་ཐགས་དོ་ཡོདཔ་ཨིན་རུང་ མང་ཆེ་ཤོས་ཅིག་ གཞི་དཀརཔོ་གུར་ གནགཔོ་གི་ཐིག་ཁྲ་རྐྱབ་རྐྱབ་དང་ འཕྲལ་འཕྲལ་སྐབས་ གནག་ཁྲ་ཆུང་སུ་སྦེ་འོངམ་ཨིནམ་དང་ ཁྲ་དེ་གཉིས་ཡང་ མཁོ་འདོད་སྐྱེད་མི་ཚུ་གིས་ ལེགས་ཧིང་དང་འཁྲིལ་ འཐག་མཁནམ་ཚུ་གིས་ བཟོ་དབྱིབས་གྲུ་བཞི་དཀྱུས་རིང་སུ་སྦེ་ གདན་གྱི་བཀོད་དང་འཁྲིལ་ འཐག་ཐགས་སྲོལ་ཡོདཔ་ཨིན། གདན་གྱི་འབྱུང་ཁུངས་ངོ་མ་ར་ སྒོ་ནོར་སེམས་ཅན་ཚུ་གི་གྲས་ལས་ ལུག་གསོ་སྐྱོང་འཐབ་མི་མི་སྡེ་ཚུ་གིས་ ལྷོ་མཚམས་པའི་ཁ་སྐད་ལས་ རཱ་རེ་ཟེར་མི་ གདན་གྱི་ཐོན་སྐྱེད་བཏོན་དོ་ཡོདཔ་དང་ འདི་ཡང་ མི་སྡེ་དེ་ཚུ་ལུ་ དཔལ་འབྱོར་འོང་བབས་བཟོ་ནིའི་དོན་ལུ་ གདན་ཚུ་ཐགས་ཞིནམ་ལས་ ཁྱིམ་ནང་འཚོ་བ་སྐྱོང་ནིའི་ མཁོ་གལ་ཆེ་བའི་བཀབ་གོ་ལ་དང་ ཁྱིམ་ཆས་ཚུ་དང་མཉམ་ བརྗེ་སོར་འབད་ནིའི་དོན་ལུ་ཨིན་མས། ཨིན་རུང་ ལུག་འཚོ་སྐྱོང་འཐབ་མི་ གཡུས་མི་ཆ་མཉམ་གྱིས་གདན་དེ་ ཐགས་མི་ཤེས་དོ་ཡོདཔ་མ་ཚད་ གདན་ཐགས་ཏེ་འཚོ་བ་སྐྱོང་སྡོད་མི་ མི་སྡེ་ལོགས་སུ་སྦེ་ཡོདཔ་ལས་ གདན་གྱི་ཐོན་སྐྱེད་ཚུ་ཡང་ ཁོང་ཚུ་གི་བློ་རིག་རྒྱུ་དངོས་བཟུམ་ཅིག་ཡང་ཨིན་མས། གདན་ཐགས་ནི་འདི་ མང་ཤོས་ཅིག་མི་སྡེ་དེ་ནང་གི་ ཨམ་སྲུ་ཚུ་གི་ནང་འཁོད་ལུ་ ཁྱབ་ཆེཝ་འབད་ཡོདཔ་དང་ འདི་ཡང་ ཁོང་ལུ་སྤྲོ་བ་དང་དག་སྣང་ཡོད་མི་དང་ ཁྱིམ་ནང་ལུ་ དཔལ་འབྱོར་ལྷན་ཐབས་འབད་ནིའི་དོན་ལུ་ཨིན་མས། འཐག་མཁནམ་ དིལ་མ་ཡ་གིས་བཤད་དོ་བཟུམ་འབད་བ་ཅིན་ ཨཱ་སཱ་ནེ་གདན་འདི་ འབྱུང་ཁུངས་ངོ་མ་ ཁྱིམ་ཚང་རྒྱལ་ཁབ་ཀྱི་སི་ཀིམ་མངའ་སྡེ་ལས་ དར་ཡོདཔ་སྦེ་ཐེ་ཚོམ་གྱི་སྒོ་ལས་སླབ་ནི་འདུག། ད་རེས་ནངས་པ་ བལ་གྱི་གདན་ཐགས་ནི་དང་སྤྱོད་ནིའི་སྲོལ་འདི་ མི་ཚུ་གི་དཔལ་འབྱོར་དང་ སྡོད་ཐངས་བཅའ་ཐངས་ཀྱི་རྣམ་གཞག་ཚུ་ སོར་འགྱོ་མི་ལས་བརྟེན་དང་ གདན་དེ་གི་སྐུདཔ་ཚུ་ཐོན་འགྱོ་སྟེ་ བལ་ཚུ་ཁྱིམ་གྱི་ཐིང་གཞིའི་ཕྱོགས་ག་ཏེ་ཡང་ཁྱབ་འགྱོ་མི། དེ་ལས་ གདན་གཙང་སྦྲ་དང་ལྡནམ་སྦེ་བཞག་ནིའི་དོན་ལུ་ འཕྱག་པ་མི་ལས་དང་ གདན་འཐག་ནིའི་དོན་ལུ་ བལ་གྱི་སྐུདཔ་བཟོ་མི་ཚུ་ལས་བརྟེན་ མཐའ་འཁོར་གནས་སྟངས་ ཁམས་ལོག་སི་སི་སྦེ་བཟོཝ་མ་ཚད་ འཐག་ཐགས་ནིའི་བྱ་རིམ་ཡང་ལེ་ཤག་ཡོདཔ་ལས་ འཐག་ཐགས་མི་དང་ གདན་ལག་ལེན་འཐབ་མི་ཚུ་གི་རྒྱུད་ལུ་ སྤྲོ་བ་ཞན་སུ་ཐལ་ཡོདཔ་ལས་ ལག་ཤེས་འདི་ ཉམས་ཉེན་གྱི་གནས་སྟངས་ལུ་ལྷོད་དེ་ཡོདཔ་ཨིན། དེའི་ནང་ལས་ཡང་ མི་དབང་མངའ་བདག་རིམ་བྱོན་ཚུ་གི་སྐུ་དང་གྲིབ་མ་ལས་བརྟེན་ མི་སྡེའི་ནང་འཁོད་ལུ་དཔལ་འབྱོར་དང་ མི་ཚེ་འཚོ་བའི་གནས་སྟངས་ཡར་དྲག་འགྱོ་ཡོདཔ་ལས་ བཙན་མདའ་སྒང་གཡུས་སྒོ་ནང་ལུ་ དང་ཕུ་ལས་དར་ཡོད་པའི་ ལུག་གསོ་ནིའི་ལུགས་སྲོལ་འདི་ཡང་ ཤོལ་བཞག་ཡོདཔ་མ་ཚད་ བལ་གྱིས་གདན་ཐགས་ནིའི་རིག་རྩལ་ཚུ་ཡང་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ སྣང་མེད་སྐྱུར་ཏེ་ཉམས་པའི་དུས་ལུ་ལྷོད་ཡོདཔ་ཨིན་རུང་ གལ་སྲིད་གཡུས་ཚན་དེ་ནང་ལུ་ ལུག་གསོ་ནིའི་སྲོལ་རྒྱུན་དེ་ སླར་གསོ་འབད་བ་ཅིན་ ལག་ཤེས་དེ་ ཡུན་བརྟན་སྦེ་གནས་ནིའི་གོ་སྐབས་འདུག། གནད་དོན་གཅིག་འདི་ དངོས་མེད་ལམ་སྲོལ་ཆོས་ཚན་འདི་བཟུམ་ཚུ་ སློབ་གྲྭའི་རྩ་གཞུང་ཚུ་ནང་ལུ་མ་བཙུགས་པར་ཡོདཔ་དང་ ཤེས་ཡོན་སྦྱངས་ཚར་མི་ན་གཞོན་ཚུ་ ལཱ་གཡོག་ལེགས་ཤོམ་འཐོབ་ནི་ལུ་རེ་ཆེས་སྐྱེད་དེ་ གཡུས་ཁའི་བཟོ་རིག་ལག་ཤེས་ལུ་སྤྲོ ་བ་མ་སྐྱེདཔ་ལས་བརྟེན་ཨིན་མས། ཨིན་རུང་ ད་ལྟོ་བལ་གྱི་གདན་ ཨཱ་སཱ་ནེ་ཐགས་ནིའི་སྲོལ་འདི་ ལག་ལེན་ཁྱབ་ཆེཝ་སྦེ་འཐབ་སྲོལ་མེད་རུང་ ལྷོ་མཚམས་པའི་ཁྱིམ་ཚུ་ནང་འགྱོ་སྟེ་བལྟ་བ་ཅིན་ མགྱོནམ་ཚུ་ཕེབས་པའི་སྐབས་ལུ་ བཞུགས་གདན་སྦེ་ཐིང་ནིའི་དོན་ལུ་ བདག་འཛིན་འཐབ་སྟེ་འོངམ་ཨིན།Country : འབྲུག།
-
Country : འབྲུག།
-
Country : འབྲུག།
-
Country : འབྲུག།
