སྐོར་ལས།

གནས་ཚུལ་དང་དུས་སྟོན།

News

གནམ་བྱཱར་ལས་རིམ་གྱི་ཐོག་ལས་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འབྲུག་པའི་སྲོལ་རྒྱུན་ཉེན་སྲུང་འབད་ཡོདཔ།

འབྲི་མི།/བཙུགས་མི། NLAB

August 14, 2026

 

མདང་ཞག་ སྤྱི་ཚེས་ ༠༣ ལས་ ༡༠/༠༧/༢༠༢༦ ཚུན་གྱི་རིང་ལུ་ ལམ་སྲོལ་ལུ་ཞུགས་པའི་འགྲུལ་ཉམས། ན་གཞོན་སྲོལ་ཁྱུན་གྲལ་གཏོགས། ཟེར་བའི་བརྗོད་དོན་ཐོག་ལུ་ གནམ་བྱཱར་གྱི་ལས་རིམ་ཐེངས་ ༥ པ་འདི་ ཐིམ་ཕུ་ ཀ་ཝང་བྱང་ས་ལུ་སྦེ་ འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན། ལས་རིམ་དེ་གིས་ ལས་ཁུངས་ནང་ལུ་ཡོད་པའི་ ལམ་སྲོལ་མཁས་མཆོག་དང་ རིག་རྩལ་དང་ལྡན་མི་ཚུ་གི་ལམ་སྟོན་ཐོག་ལུ་ ན་གཞོན་ཚུ་ གྲས་གཏོགས་འབད་བཅུག་སྟེ་ འབྲུག་པའི་དངོས་མེད་ལམ་སྲོལ་བཟང་པོ་ཚུ་གི་སྐོར་ལས་ ལྷབ་སྦྱང་འབད་ནི་དང་ ཉམས་མྱོང་ཚུ་ཡང་ཐོབ་བཅུག་ཞིན་ན་ ཡུན་བརྟན་གྱི་རྒྱུན་བཞག་སྟེ་ ཉེན་སྲུང་འབད་བཞག་ནི་ལུ་ ཧུར་བརྩོན་འབད་ནིའི་ དམིགས་དོན་གྱི་ལས་རིམ་ཅིག་ཨིན།

ཉིན་གྲངས་ ༠༨ ཀྱི་ལས་རིམ་དེ་གིས་ ཆུ་ཁ། དར་དཀར་ན། རྩི་རང་། དབང་འདུས་ཕོ་བྲང་། སྤུ་ན་ཁ། དགའ་ས་དང་ཐིམ་ཕུ་རྫོང་ཁག་ཚུ་ནང་གི་ སློབ་ཕྲུག་ན་གཞོན་ ༢༣༩ གིས་ བཅའ་མར་གཏོགས་ཡོདཔ་ཨིན། ན་གཞོན་གྱི་གྱངས་ཁ་དེ་སྦེ་ཐོན། ལས་རིམ་སྣ་ཚོགས་ཚུ་ནང་ལུ་ སྤྲོ་བ་དང་དག་སྣང་སྦོམ་སྦེ་སྐྱེད་དེ་ འོང་མི་ལུ་དཔྱད་པ་ཅིན་ འབྲུག་པའི་ན་གཞོན་ཚུ་གི་རྒྱུད་ལུ་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་ཚུ་ལུ་ སྤྲོ་བ་དང་དག་སྣང་ སྐྱེད་ནི་འདི་ རྒྱ་སྦོམ་སུ་ཐལ་ཡོད་པའི་ཚོར་སྣང་དང་ དེ་ལས་ སློབ་ཚན་ཚུ་གི་ནང་ལུ་ བརྩོན་འགྲུས་སྐྱེད་དེ་ལྷབ་སྦྱང་འབད། ཉམས་མྱོང་ཚུ་ཚུད་མི་དེ་གིས་ སྲོལ་རྒྱུན་མི་ཉམས་རྒྱུན་སྐྱོང་སྦེ་བཞག་ནི་ལུ་ ཕན་ཐོགས་སྦོམ་ཡོདཔ་ཨིན།

ལས་རིམ་ཀྱི་དམིགས་དོན་ཚུ་ཡང་ འབྲུག་རྒྱལ་ཁབ་ཀྱི་སྲོལ་རྒྱུན་ཐུན་མོང་མ་ཡིན་པ་ ཟློས་གར་དང་སྙན་ཆའི་རིགས། སྐད་ཡིག་དང་བཟོ་རིགས། དེ་ལས་ ཡིག་ཆ་ཉམས་བཅོས་ཀྱི་རིག་རྩལ་ཚུ་ནང་ལུ་ སྦྱོར་བ་ལག་ལེན་ཚུ་གི་ཐོག་ལས་ རིག་རྩལ་དང་ཤེས་བྱ་ཚུ་སློབ་སྟོན་འབད་དེ་ ལམ་སྲོལ་གྱི་རྒྱུན་མ་འོངས་བུ་བརྒྱུད་ཚུ་གི་རིང་ལུ་ བཞག་ཐབས་ལུ་དམིགས་ ཏེ་ སློབ་ཚན་གྱི་ལས་རིམ་ཚུ་ཡང་ དེ་སྦེ་བཟོ་ཡོདཔ་ཨིན། གྲལ་གཏོགས་འབད་ཡོད་པའི་ན་གཞོན་ཚུ་གིས་ རང་ལུགས་འབོད་སྒྲ། གར་འཆམ། སྙན་ཆའི་རིགས་སྒྲ་སྙན། གླིངམ། དབྱངས་ཅན། པྱི་ཝང་ཚུ་དང་ རྫོང་ཁ་བརྡ་སྦྱོར་དང་ཡིག་བཟོ། ཡིག་པར་བརྐོ་ནི། དཔེ་ཆ་དང་དར་པར་བཏབ་ནི། འཇིམ་བཟོ་དང་ཤིང་ཚོན་གཏང་ནི། དེ་ལས་ ཡིག་ཆ་ཉམས་བཅོས་འབད་ནི་ཚུ་ལུ་ ནང་སྦྱོང་དང་སྦྱོར་བ་ལག་ལེན་གྱི་ཉམས་མྱོང་ཚུ་བྱིན་ཡོདཔ་ཨིན།

ན་གཞོན་ཚུ་གིས་ ནང་སྦྱོང་དང་སྦྱོར་བ་ལག་ལེན་གྱི་ཉམས་མྱོང་ཚུ་ཐོབ་པ་གིས་མ་ཚད་པར་ འབྲུག་པའི་ལམ་སྲོལ་དང་ སྲོལ་རྒྱུན་ཚུ་ལུ་ ཡིད་ཆེས་ངལ་རངས་དང་ཤ་ཞེན་ཚུ་ སྐྱེད་དེ་ཡོད་པའི་གུར་ སྲོལ་རྒྱུན་ཚུ་ ནམ་ཕུགས་མི་རབས་ལས་ མི་རབས་ཚུན་གྱི་རིང་ལུ་ རྒྱུན་བཟུང་སྟེ་བཞག་ནི་འདི་གལ་ཆེ་བའི་སྐོར་ལས་ཡང་ ལེགས་ཤོམ་སྦེ་ཧ་གོ་ཡོདཔ་ཨིན། སློབ་ཕྲུག་ཚུ་ལུ་ ལམ་སྲོལ་མཁས་མཆོག་ངོ་མ་ཚུ་ལས་ དེ་བཟུམ་མའི་ ཡོན་ཏན་ལྷབ་སྦྱང་འབད་ནིའི་གོ་སྐབས་ བྱིན་ཡོད་མི་དེ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་གྱི་ངོ་རྟགས་བདག་འཛིན་པ་སྦེ་ འགན་འཁྲི་འབག་ནི་ལུ་ བློ་སྟོབས་སྐྱེད་བཅུགཔ་མ་ཚད་ སྲོལ་རྒྱུན་ཚུ་གི་བརྩི་མཐོང་། རིག་རྩལ། ཤེས་བྱ་ཚུ་ད་ལྟོ་དང་ མ་འོངས་པའི་མི་རབས་ཚུ་གི་བར་ན་ རྒྱུན་སྤེལ་ཏེ་བཞག་ནིའི་ལཱ་བསྐོར་ཚུ་སྒྲིག་ཡོདཔ་ཨིན།

ལོ་བསྟར་བཞིན་གྱི་ལས་རིམ་གྲུབ་འབྲས་དང་ ཕན་རླབས་ཚུ་ལུ་གཞི་བཞག་སྟེ་ ལས་ཁུངས་ཀྱིས་ མ་འོངས་པའི་ལས་རིམ་ཚུ་ ཡར་དྲགས་གཏང་ཐོག་ལས་ ས་གནས་གཞན་ཁ་ལུ་ཡང་འགོ་འདྲེན་འཐབ་ནི། གློག་ཐོག་གྲལ་གཏོགས་འབད་བཅུག་ནི། གྲལ་གཏོགས་འབད་ནིའི་ བརྡ་སྤྲོད་ཀྱི་ལས་རིམ་ཚུ་ ལེགས་ཤོམ་བཟོ་ནི་ཚུ་དང་ དེ་ལས་  སྙན་ཆ་ལ་སོགས་པའི་ལྷབ་སྦྱང་གི་མཐུན་རྐྱེན་ཚུ་ མང་སུ་སྦེ་མཁོ་སྒྲུབ་འབད་ནི་ལུ་ གསུང་གྲོས་གནང་བཞིན་དུ་ཡོདཔ་ཨིན།

ན་གཞོན་གྲལ་གཏོགས་འབད་ནི་འདི་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ ལས་རིམ་གཙོ་ཅན་ཅིག་ཨིནམ་ ལས་ གནམ་བྱཱར་དང་དགུན་གྱི་ལས་རིམ་ཚུ་གིས་ ན་གཞོན་སློབ་ཕྲུག་ཚུ་ལུ་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་རིགས་སྣ་ཚུ་ མ་འོངས་བུ་བརྒྱུད་ཚུ་གི་རིང་ལུ་ གོང་འཕེལ་གཏང་། ཉམས་སྲུང་འབད། ཉེན་སྲུང་འཐབ་སྟེ་ དེ་དང་འབྲེལ་བའི་ བརྩི་མཐོང་། རིག་རྩལ། ཤེས་ཡོན་ཚུ་བྱིན་ཏེ་ ཡུན་བརྟེན་སྦེ་བཞག་ནིའི་དབང་ཆ་དང་ གོ་སྐབས་ཚུ་བྱིནམ་ཨིན།