སྐོར་ལས།

གནས་ཚུལ་དང་དུས་སྟོན།

News

རང་ལུགས་ཤོག་བཟོའི་སྲོལ་རྒྱུན་ ཉེན་སྲུང་གི་དོན་ལུ་ འབྲུག་དང་ཧཱམ་བཱརག་གཙུག་ལག་སློབ་སྡེའི་མཉམ་འབྲེལ།

འབྲི་མི།/བཙུགས་མི། NLAB

August 14, 2026

སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་མངའ་འོག་ལུ་ སྡེ་ཚན་ཅིག་ཨིན་མི་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ ཡིག་ཆས་གཏན་མཛོད་དང་ ཇཱར་མ་ནི་རྒྱལ་ཁབ་ཀྱི་ ཧཱམ་བཱརག་གཙུག་ལག་སློབ་སྡེའི་འོག་ལུ་ བྲིས་དཔེ་ལམ་སྲོལ་ཞིབ་འཇུག་ལྟེ་བ་ Centre for the Study of Manuscript Cultures (CSMC) གཉིས་ མཉམ་འབྲེལ་ལས་འགུལ་གྱི་ཆིངས་ཡིག་བཟོ་སྟེ་ དེ་དང་འབྲེལ་བའི་ལས་འཆར་ལྟར་དུ་ མདང་ཞག་ སྤྱི་ཟླ་ ༠༤ པའི་སྤྱི་ཚེས་ ༠༧ ལས་འགོ་བཙུགས་ཏེ་ སྤྱི་ཟླ་ ༠༥ པའི་སྤྱི་ཚེས་ ༠༤ ཚུན་གི་རིང་ ཞག་དུས་ཟླ་ངོ་མ་ལངམ་ཅིག་ནང་ འབྲུག་རྒྱལ་ཁབ་ཀྱི་ རང་ལུགས་ཤོག་བཟོའི་སྲོལ་རྒྱུན་གྱི་སྐོར་ལས་ ཞིབ་འཚོལ་གྱི་ལཱ་ཚུ་འགོ་འདྲེན་འཐབ་ཡོདཔ་ཨིན། ཞིབ་འཚོལ་དེ་ཡང་ མཁས་དབང་སློབ་སྟོན་པ་ ཌོག་ཊར་ ཨཀ་ནིཤི་ཀ་ཧེལ་མཱན་ཝཛི་ནི་གི་ འགོ་འཁྲིད་ཐོག་ལུ་ རྒྱལ་སྤྱིའི་ཞིབ་འཚོལ་ལས་འགུལ་ ཉམས་ཉེན་ཅན་གྱི་སྲོལ་རྒྱུན། ཨེ་ཤི་ཡ་ལུགས་ཕྱོགས་ཀྱི་ ས་ཁ་མཐོ་སར་བྲིས་དཔེ་བཟོ་སྐྲུན། A Fading Tradition: Manuscript Production in Highland Asia ཟེར་བའི་བརྗོད་དོན་ཐོག་ལུ་ གཙོ་བོ་ར་ ཧི་མ་ལ་ཡའི་གངས་ལྗོངས་ནང་ཡོད་པའི་ རྒྱལ་ཁབ་ཀྱི་གཡུས་ཚན་ཚུ་ནང་ལུ་ བྲིས་དཔེ་བཟོ་སྐྲུན་སྲོལ་རྒྱུན་ཚུ་ ཉམས་ཉེན་ཅན་གྱི་གནས་སྟངས་གུར་ ལྷོད་དེ་ཡོད་མི་ཚུ་ ཞིབ་འཚོལ་དང་ཡིག་ཐོག་བཀོད་དེ་ ཉེན་སྲུང་འབད་ནིའི་དམིགས་དོན་ཨིན། ཞིབ་འཚོལ་དེ་གི་དམིགས་དོན་ཚུ་ཡང་ རྒྱུ་འདལ་ལྤགས་ལག་ལེན་འཐབ་སྟེ་བཟོ་མི་ རས་ཤོག། ཚར་ཤོག། མཐིང་ཤོག་དང་ཤོག་ནག་ཚུ་ ག་དེ་སྦེ་བཟོཝ་ཨིན་ན་དང་ བཟོ་རིག་འདི་ རྒྱལ་ཁབ་ཀྱི་བྲིས་དཔེའི་སྲོལ་རྒྱུན་དང་ ལག་ལེན་འཐབ་བཞིན་ཡོད་པའི་ ཤོག་བཟོའི་སྲོལ་རྒྱུན་འདི་  གལ་ཅན་གྱི་ལམ་སྲོལ་ཆ་ཤེས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ནི་ཚུ་ཨིན་མས།

ཞིབ་འཚོལ་སྡེ་ཚན་ཅིག་བཟོ་ཡོད་མི་དེ་གིས་ ཐིམ་ཕུ། སྤ་རོ། བུམ་ཐང་། བཀྲ་ཤིས་གཡང་རྩེ་རྫོང་ཁག་ཚུ་ནང་ལུ་ རྒྱུ་འགྲུལ་འབད་དེ་ འབྲེལ་ཡོད་ལམ་སྲོལ་གཙུག་སྡེ་ཚུ་དང་ ཤོག་བཟོ་པ་དང་འདལ་བཟོཔ། ཡིག་ཆ་ཉམས་བཅོས་པ། དེ་ལས་ ཞིབ་འཚོལ་པ་ཚུ་དང་འབྲེལ་བ་ལེགས་ཤོམ་སྦེ་འཐབ་སྟེ་ ཞིབ་འཚོལ་ཚུ་འགོ་འདྲེན་འཐབ་ཡོདཔ་ཨིན། བཀྲ་ཤིས་གཡང་རྩེ་རྫོང་ཁག འབུམ་སྡེ་གླིང་རྒེད་འོག་ ཕན་སྟེང་གཡུས་ཚན་ནང་གི་ ཤོག་གུ་བླུགས་མི་ ཨམ་དབྱངས་སྒྲོན་གྱིས་ འདལ་ཤིང་ལྤགས་ཀོ་བཤུབས་ཐངས་ལས་འགོ་བཙུགས་ཏེ་ ཤོག་གུའི་འཐོན་སྐྱེད་ངོ་མ་ལུ་ གྱུརཝ་ཚུན་གྱི་ལཱ་གི་བྱ་རིམ་ཚུ་ འགྲེམས་སྟོན་འབད་ཡོདཔ་མ་ཚད་ དྲིས་བཀོད་ཀྱི་ཐོག་ལས་ རིག་རྩལ། ལག་ཆས། དེ་ལས་ རྒྱབ་ཁུངས་དང་བརྩི་མཐོང་ལ་སོགས་ཚུ་གི་སྐོར་ལས་ ལོ་རྒྱུས་གནས་ཚུལ་ཆ་མཉམ་ར་ གློག་བརྙན་དང་སྒྲ་བཟུང་འབད་ཡོདཔ་ཨིན། དེ་མ་ཚད་ ཐིམ་ཕུ་གླང་ཇོ་ཕར་ཁ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ གསུང་རབ་གསེར་བྲིས་ལས་ཁང་དང་ རྒྱལ་ཡོངས་དཔེ་མཛོད། བཟོ་རིགས་བཅུ་གསུམ་གྱི་སློབ་གྲྭ་ཚུ་དང་ ཤོག་གུའི་བཟོ་གྲྭ་སྣ་ཚོགས་ཚུ་ནང་སོང་སྟེ་ འབྲུག་ཤོག་བཟོ་ཐངས། གསུང་རབ་བྲིས་དཔེ་བཞེངས་ཐངས། མཐིང་ཤོག་དང་ཤོག་ནག་བཟོ་ཐངས། གསུང་རབ་ཚུ་ལག་ལེན་འཐབ་ཐངས་ཚུ་དང་ རྒྱལ་ཁབ་ཀྱི་ཡིག་བྲིས་ཀྱི་སྲོལ་རྒྱུན་ མ་འདྲཝ་ཚུ་ ལྟ་རྟོག་འབད། ཡིག་ཐོག་བཀོད་དེ་ གློག་བརྙན་སྒྲ་བཟུང་ཚུ་ཡང་འབད་ཡོདཔ་ཨིན།

ལས་འགུལ་དེ་གི་ ཞིབ་འཚོལ་ལས་སྣ་འགོ་རིམ་དང་པ་འདི་ ཟླ་ངོ་མ་ལངམ་ཅིག་གི་རིང་ མཉམ་འབྲེལ་གྱི་སྒོ་ལས་ ཞིབ་འཚོལ་འབད་དེ་ གློག་བརྙན། སྒྲ་བཟུང་། པར། ཡིག་བཀོད་འབད་ནི་ཚུ་ ཚུལ་དང་མཐུན་འབད་བའི་གནས་སྡུད་ཚུ་གིས་ ཤུལ་ལས་ ཧཱམ་བཱརག་གཙུག་སྡེ་དང་འབྲུག་རྒྱལ་ཁབ་གཉིས་ཀྱི་ ཤེས་ཡོན་མཉམ་འབྲེལ་ལས་རིམ་དང་ འགྲེམས་སྟོན། ཞིབ་འཚོལ་དཔེ་སྐྲུན་ཚུ་འབད་ནིའི་དོན་ལུ་ རིན་ཐང་ཆེ་བའི་རྒྱབ་རྟེན་སྦེ་ལཱ་བཀོལ་ཚུགས་ནི་ཨིན། དེ་ཚུ་གི་ནང་ལས་ གལ་ཆེ་ཤོས་ར་ འབྲུག་རྒྱལ་ཁབ་ཀྱི་ ཤོག་བཟོའི་སྲོལ་རྒྱུན་དང་འབྲེལ་བའི་ ཤེས་བྱའི་རིགས་ཚུ་ ཉེན་སྲུང་དང་ རྒྱུན་སྤེལ་གྱི་དོན་ལུ་ ཕན་ཐོགསཔ་སྦེ་ལྷན་ཐབས་འབད་བའི་གུར་ རྒྱལ་སྤྱིའི་གཙུག་སྡེ་ཚུ་དང་མཉམ་འབྲེལ་འབད་དེ་ ཉམས་ཉེན་ཅན་གྱི་རིག་རྩལ་ཚུ་ ཡིག་ཐོག་བཀོད།  འདལ་བཟོ་པའི་མཁས་མཆོག་ཚུ་ གློག་བརྙན་དང་སྒྲ་བཟུང་འབད་དེ་ བཞག། དེ་ལས་ ཞིབ་འཚོལ་ཚུ་འགོ་འདྲེན་འཐབ་ཐོག་ལས་  རྒྱལ་ཁབ་ཀྱི་དངོས་མེད་ལམ་སྲོལ་གྱི་སྲོལ་རྒྱུན་གྱི་ ཆ་ཤས་གཅིགཔོ་འདི་ འབྲུག་ཤོག་ཨིན་པའི་ངོས་འཛིན་དང་ ཁྱབ་སྤེལ་གཏང་ཚུགས་ནི་ཚུ་ཨིན། ལས་འགུལ་དེ་གིས་ གཙོ་བོ་ར་ རང་ལུགས་ཀྱི་བཟོ་རིགས་ཚུ་ ལུགས་མཐུན་གྱི་སྒོ་ལས་ ཡིག་ཐོག་བཀོད་ནི། ཞིབ་འཚོལ་འགོ་འདྲེན་འཐབ་ནི། ཉམས་མྱོང་བརྗེ་སོར་ཚུ་འབད་དེ་ གལ་ཅན་གྱི་རང་ལུགས་བྱ་སྲོལ་དེ་གིས་ ཡིག་ཆ་ཉམས་བཅོས་འབད་མི་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ འབྲུག་རྒྱལ་ཁབ་ཀྱི་བྲིས་དཔེའི་སྲོལ་རྒྱུན་འདི་ ནམ་ཕུགས་ཚུན་གྱི་རིང་ལུ་ གནས་ཐབས་སྒྲིག་ནི་འདི་ཨིན།

Attachment does not exist