འབྲེལ་ཡོད་ལས་སྡེ།

འབྲེལ་ཡོད་ལས་སྡེ།

རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་།

རིགས། :
ལས་ཚོགས།
རྒྱལ་ཁབ། :
འབྲུག།
འགྲེལ་བཤད།
རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ལུ་ རང་ལུགས་ཟློས་གར་གྱི་རིགས་ སློབ་སྦྱོང་དང་སློབ་སྟོན་འབད་སའི་ སྤེལ་ཁང་ཅིག་ཨིནམ་དང་ དེ་གིས་ ལམ་སྲོལ་སྲུང་སྐྱོབ་དང་གོང་འཕེལ་གཏང་མི་ གཙུག་སྡེ་གལ་ཅན་ཅིག་ཨིན། སྤེལ་ཁང་འདི་ སྤྱི་ལོ་ ༢༠༢༥ ལུ་ ནང་སྲིད་ལྷན་ཁག སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་འོག་ལུ་ གཞི་བཙུགས་གནང་ཡོདཔ་ཨིན་རུང་ གཙོ་བོ་ར་ རྒྱལ་གཞུང་འཆམ་དང་ཟློས་གར་སྤེལ་ཁང་ངམ་ Royal Academy of Performing Arts (RAPA) ཟེར་མི་ལས་ སྤྲོས་པའི་གཙུག་སྡེ་ཅིག་ཨིན། སྤེལ་ཁང་དེ་ནང་ལུ་ སློབ་ཚན་ཡང་ འབྲུག་ཤེས་ཚད་དང་ཁྱད་རིག་ངོ་སྦྱོར་དབང་འཛིན་གྱིས་ ངོ་སྦྱར་འབད་བའི་སློབ་ཚན་རྩ་གཞུང་ཚུ་གི་ཐོག་ལུ་ གར་འཆམ་གི་གྲས་ལས་ འབོད་འཆམ་གྱི་རིགས་དང་ རང་ལུགས་ཞབས་ཁྲ་དང་ཞབས་བྲོ། གཞུང་སྒྲ། འབོད་སྒྲ། གཞས་དང་གཞསམོ་གྱི་རིགས། དེ་ལས་ རང་ལུགས་སྙན་ཆའི་རིགས་ཚུ་སློབ་སྟོན་འབད་དེ་ མཐའ་མཇུག་ལུ་ རྒྱལ་ཡོངས་དང་ གཙུག་ལག་འོག་མའི་ཤེས་ཚད་ལག་ཁྱེར་ཚུ་ ཕུལ་དོ་ཡོདཔ་ཨིན།

རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་གིས་ སྦྱོར་བརྡར་པ་སློབ་ཕྲུག་ཚུ་ལུ་ ཟློས་གར་གི་ཆོས་ཚན་གྱི་སློབ་སྟོན་ཡང་ ནང་སྦྱོང་དང་ལུས་སྦྱོང་རྐྱངམ་གཅིག་གིས་མ་དོ་བར་ ཞིབ་འཚོལ་དང་གསལ་ཞུ་ཚུ་ཡང་འབད་བཅུག་སྟེ་ རྒྱལ་ཁབ་ཀྱི་དངོས་མེད་ལམ་སྲོལ་ སྲུང་སྐྱོབ་འབད་བའི་ཞོར་ཁར་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཟློས་གར་གྱི་སྒྱུ་རྩལ་དང་ ཞིབ་འཚོལ་དང་ཞིབ་འཇུག་འབད་ནིའི་ ཉམས་མྱོང་ཚུ་ཡང་ཚུད་བཅུག་སྟེ་ མི་ཚེ་ནང་རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནིའི་ཤེས་ཡོན་ཚུ་བྱིནམ་ཨིན། རྒྱལ་ཁབ་ནང་ལུ་ རང་ལུགས་ཟློས་གར་དང་འབྲེལ་བའི་གཙུག་སྡེ་སྤེལ་ཁང་ གཅིག་ལས་མེདཔ་ལས་བརྟེན་ཏེ་ སྤེལ་ཁང་དེ་གིས་ རྒྱལ་སྤྱིའི་ཟློས་གར་གཙུག་སྡེ་ཚུ་དང་རིག་པ་བརྗེ་སོར་འབད། ལམ་སྲོལ་གསར་བཏོད། ཁྱད་རིག་ཅན་གྱི་ཤེས་ཡོན་ཚུ་བྱིན་ཏེ་ ལམ་སྲོལ་ཉམས་སྲུང་གི་དམིགས་དོན་ཐོག་ལུ་ ཁྱད་རིག་ལྟེ་བའི་གཙུག་སྡེ་བཟོ་ནིའི་ དམིགས་གཏད་གུར་བརྩོན་ཤུགས་སྐྱེད་དེ་ཡོདཔ་ཨིན།
བརྡ་དོན་འབྱུང་ཁུངས། :