གནས་སྡུད།

གློག་བརྙན།

རྒྱལ་ཁབ། :
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག། :
མི་སྡེའི་ལག་ལེན་དང་། ཆོས་ཕྱོགས་ཀྱི་མཛད་སྒོ། དུས་སྟོན་རྩིས་སྲུང་།
འགྲེལ་བཤད། :
དཱ་སའེ་དུས་སྟོན་འདི་ ལྷོ་མཚམས་པའི་ཆོས་ལུགས་དང་ ཡིད་ཆེས་ཚུ་དང་འཁྲལ་བ་ཅིན་ ངན་པ་དང་ཡང་ཅིན་ བདུད་ཀྱི་གཡུལ་ལས་རྒྱལ་ཁ་ཐོབ་པའི་ དགའ་སྟོན་བརྩི་སྲུང་ཞུ་བའི་ སྐལ་བཟང་གི་དུས་ཅིག་ཨིནམ་སྦེ་བརྩིཝ་ཨིན་མས། བལ་པོའི་རྒྱལ་ཁབ་བཟུམ་ཅིག་ནང་ཨིན་པ་ཅིན་ དུས་སྟོན་འདི་ ག་ཅི་བ་རྩ་ཅན་ཅིག་སྦེ་ཡིད་ཆེས་སྐྱེད་དོ་ཡོདཔ་དང་ འབྲུག་པའི་ལྷོ་མཚམས་པའི་མི་རིགས་ཚུ་ཡང་ བལ་པོ་ལས་བརྒྱུད་བརྒྱུདཔ་ཅིག་འབདཝ་ལས་ ལོ་བསྟར་བཞིན་དུ་ དབྱིན་ཟླ་ ༩ པ་དང་ ༡༠ པའི་བར་ན་ ཧིན་དྷུའི་ཟླ་ཐོའི་ཚེས་གྲངས་དང་འཁྲིལ་ཏེ་ དུས་སྟོན་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། ཧིན་དྷུའི་འབྱུང་རབས་དང་འཁྲིལ་བ་ཅིན་ ཧིན་དྷུའི་ལྷ་རཱམ་དང་ལྷ་མོ་དུརྒ་གཉིས་ཀྱིས་ བདུད་ཀྱི་རྒྱལཔོ་ རཱ་ཝན་དང་ མ་ཧེ་ཤྭ་རཱི་གཉིས་ཀྱིས་ ལྷའི་ཡུལ་དེ་ཝ་ལོ་ཀ་ལུ་གནོད་འཚུབས་བཀལ་ཏེ་ མཇུག་ལུ་ དམག་འཐབ་པའི་སྐབས་སུ་ བདུད་ཀྱི་རྒྱལཔོ་ཕམས་གཏང་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ དུས་ཚོད་དེ་ངན་པའི་གཡུལ་ལས་རྒྱལ་བའི་ དགའ་སྟོན་སྦེ་བརྩི་སྲུང་ཞུཝ་ཨིན་མས།

དཱ་སའེ་འདི་ ཡར་ངོའི་ཚེས་གྲངས་ལས་རྩིས་ཏེ་ ཉིནམ་ ༡༥ གི་རིང་ལུ་ བཟའ་ཚང་དང་ཕམ་སྤུན་ཆ་ཚུ་དང་གཅིག་ཁར་ དུས་སྟོན་བརྩི་སྲོལ་ཡོདཔ་དང་ དུས་སྟོན་དེ་གི་དོན་ལུ་ བཅའ་སྒྲིག་ཡང་ ཁྱིམ་འཕྱག་བདར་རྐྱབ་ནི་ལས་འགོ་བཙུགས་ཏེ་ ཆུ་འཁྱུ་ནི་དང་བཟའ་གཏུང་ལོངས་སྤྱོད་ནིའི་དོན་ལུ་ ཉོ་ཚོང་རྐྱབ་སྟེ་གཉེར་ཚང་མཁོ་སྒྲུབ་འབད་ནི་ཚུ་ཨིན་མས། ཨིན་རུང་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ གཞུང་གིས་ངལ་འཚོ་ཡང་ ཊི་ཀ་ཟེར་ དཔྱལ་བར་ཆུམ་སྦྱར་བའི་སྐབས་ལུ་རྐྱངམ་གཅིག་མ་གཏོགས་ གནང་སྲོལ་མེདཔ་དང་ མ་གཞི་དུས་སྟོན་འདི་བཟའ་ཚང་འཐུས་མི་ཆ་མཉམ་གྱིས་ རཱམ་ལུ་གྲོགས་རམ་འབད་མི་ སྤྲེའུ་བྱང་ཆུབ་སེམས་དཔའ་དང་ ཁོ་གི་ཆ་རོགས་ཚུ་མཉམ་རུབ་འབད་དེ་ རཱམ་གྱི་བཙུནམོ་སི་ཏ་འདི་ ལངྐའི་ལུང་ཕྱོགས་ནང་ལུ་ བཙོན་བཟུང་འབད་དེ་ཡོད་མི་ནང་ མཐའ་ཡས་རྒྱ་མཚོ་བརྒལ་ཏེ་ བཙོན་ཁང་ལས་བཏོན་འབག་འོང་པའི་ གཅིག་མཐུན་གཅིག་སྒྲིལ་གྱི་ དམ་ཚིག་ལུ་གུས་བཏུད་ཞུཝ་ཨིན་མས།

དུས་སྟོན་གྱི་ཉིནམ་ཚུ་ལས་ ཁག་ཆེ་ཤོས་ར་ ཝིཇྱ་དཱཤིམི་ཟེར་མི་འདི་ཨིནམ་དང་ འདི་ཡང་ བདུད་ཚུ་ལས་རྒྱལ་ཁ་ཐོབ་མི་འདི་ཨིནམ་སྦེ་ ཡིད་ཆེས་སྐྱེདཔ་ཨིནམ་དང་ དེ་གི་སྐབས་ལུ་ བཟའ་ཚང་དང་ཕམ་སྤུན་ཆ། གཉེན་ཉེཝ་ཚུ་ག་ར་འཛོམས་ཏེ་ ཊི་ཀ་ཟེར་ ཆུམ་དང་ཞོ་སླ་བསྲེ་རྐྱབ་སྟེ་བཟོ་མི་འདི་ འགོ་སྦོམ་ཤོས་དང་རྒས་ཤོས་ཀྱིས་བཙུགས་ཏེ་ གཞོནམ་ཚུ་གི་དཔྱལ་བར་སྦྱར་ཞིནམ་ལས་ གསོལ་ར་དང་ཡང་ཅིན་ ཤུལ་བཞག་བཟུམ་ཅིག་སྦེ་ དངུལ་རྐྱང་ཚུ་བྱིན་སྲོལ་ཡོདཔ་མ་ཚད་ མི་སྡེ་གི་ནང་ལུ་ཨིན་པ་ཅིན་ མི་སྡེའི་འགོ་འཁྲིདཔ་རྒཔོ་ཚུ་ཡང་ ཁྱིམ་ནང་གདན་འདྲེན་ཞུ་སྟེ་ རཱ་ཇ་ཊི་ཀ་ཚུ་ཞུ་སྲོལ་འདུག།

ཨིན་རུང་ དུས་ཀྱི་འཕོ་འགྱུར་དང་གོང་འཕེལ་གྱི་གནས་སྟངས། དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ལས་བརྟེན་ དང་ཕུ་ མི་ཚུ་སྤུངས་འཛོམས་འབད་དེ་ དུས་སྟོན་སྦོམ་སྦེ་བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ ད་རེས་ནངས་པ་ གཡུས་མི་ཚུ་ གཡུས་ཚན་ནང་ལས་འཐོན་ཏེ་ ཁྲོམ་ཚོགས་ཚུ་ནང་ལུ་གཞིས་བཅགས་མི་དང་ གཞན་ཡང་ ཕྱིའི་རྒྱལ་ཚུ་ནང་ལས་ཕར་ ཁ་བསྟོར་ཏེ་འགྱོ་མི་ཚུ་ལས་བརྟེན་ གཡུས་ཁར་ལུས་མི་ གཡུས་མི་དག་པ་ཅིག་གིས་རྐྱངམ་གཅིག་ དུས་སྟོན་བརྩི་སྲུང་འབད་སྲོལ་གྱི་ གནས་སྟངས་གུར་ལྷོད་དེ་ཡོདཔ་ཨིན།
གློག་བརྙན་བཟོ་མི། ལོ། ༢༠༢༣
ས་གནས། ཐིམ་ཕུ། ཡིག་ཆའི་ཚད་གཞི།
གསལ་སྟོན་སྤུས་ཚད། HD གཞི་བཀོད། HD
པར་དབང་། SHORT & SWEET CCL: CC-BY-NC-SA
བརྡ་དོན་འབྱུང་ཁུངས། :