གནས་སྡུད།

གློག་བརྙན།

རྒྱལ་ཁབ། :
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག། :
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
འགྲེལ་བཤད། :
སྤྱིར་བཏང་འཛམ་བུ་གླིང་གི་མིའི་འགྲོ་ལུགས་དང་ འཚོ་བ་སྐྱོང་བའི་སྐབས་ལུས་ཀྱི་སྟོབས་ཤུགས་རྒྱས་ནི་དང་ གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་སྦེ་བཞག་ནི་ལུ་ བཟའ་སྤྱོད་འབད་དོ་ཡོད་པའི་ཟས་ཀྱི་རིགས་ བཟའ་ནི་དང་འཐུང་ནི་གཉིས་ཁྱབ་ཆེཝ་སྦེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱི་ནང་ལུ་ཡང་ བཞེས་སྒོ་བཟའ་བའི་སྐབས་ “བཟའ་བ་གཡས་དང་འཐུང་བ་གཡོན། །”ཟེར་ རང་ལུགས་སྒྲིག་ལམ་རྣམ་གཞག་དང་ གཞན་ཡང་ མི་ཤི་ཟས་བསྔོའི་སྐབས་ཟས་བཀྲམ་ཐངས་ཡང་ དེ་སྦེ་རང་སྒྲིག་སྲོལ་ཡོདཔ་ཨིན། སླབ་སྲོལ་དེ་གིས་ འབྲུག་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུ་ས་ཆགས་གནམ་ཆགས་ཀྱི་སྐབས་ལས་ བཟའ་བའི་ཟས་ཀྱི་རིགས་གཉིས་སྦེ་ཡོདཔ་ཨིནམ་ ང་བཅས་ཚུ་གིས་ཤེས་ཚུགས་པས། ཨིན་རུང་ ད་ལྟོ་སྐབས་སུ་བབས་པ་ ཞིབ་འཇུག་རྩོམ་ཤོག་འདི་གི་ནང་ལུ་ བཟའ་བའི་ཟས་ཀྱི་ནང་ལས་ ལྟོའི་རིགས་མེན་པར་ རངལུགས་འབྲུག་པའི་ཁྱད་ཆོས་ཐུན་མིན་གྱི་ཚོདམ་ བྱ་རྒྱུད་ (སྔོ་ཚོད་རིགས་ལས་བཟོ་བཟོཝ། ཡང་ཅིན་ དཀར་ཟས།) དང་ སྤྱོད་རྒྱུད་ཚོདམ་ (ཤའི་རིགས་དང་ཤ་རིགས་སླ་བསྲེས་རྐྱབ་རྐྱབ། ཡང་ན་ དམར་ཟས།) ཟེར་ ཚོདམ་གི་རིགས་གཉིས་ཀྱི་ནང་ལས་ འབྲུག་མི་ལུང་ཕྱོགས་མང་ཆེ་བ་གིས་དགའ་མི། བཟོཝ་འཇམ་མི། ཞིམ་ཤོས། ཟས་ཁམས་འཇུག་བཅུག་མི། རིགས་མངམ་སྦེ་བཟོ་བཏུབ་མི། བལྟཝ་ད་ཡང་བཟའ་དགོ་མནོ་སི་སི་ཡོད་མི་ཚོདམ་ཅིགཔོ་འདི་ ཤ་སྐམ་དར་ཚི་འདི་ཨིན།

མ་གཞི་ ཨེ་ཤི་ཡང་ལུང་ཕྱོགས་ནང་གི་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ ཡུ་རོབ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་བཟུམ་མེན་པར་ ཨེ་མའི་ཞིང་ལཱ་ཁྱབ་ཆེཝ་སྦེ་འབད་དོ་ཡོདཔ་མ་ཚད་ ཨེ་མའི་རིགས་ (Capsicum spp.) བཟའ་སྤྱོད་འབད་ཐངས་ཡང་ ཁྱབ་ཆེཝ་འབད་ཡོདཔ་ཨིན། ཨིན་རུང་ འབྲུག་རྒྱལ་ཁབ་ནང་ལུ་ཨིན་པ་ཅིན་ དང་པ་གངས་རི་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་རྒྱུད་ནང་ལས་ཕར་ཆགས་པ། གནམ་གཤིས་གནས་སྟངས་ཡང་ བསིལ་དྲོད་མཐོ་དམན་མཉམ་ལས་བརྟེན་ ལོ་ཐོག་འབྲུ་སྣ་དང་ཚོད་བསྲེ་གི་རིགས་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་འབྱུང་པའི་རྒྱལ་ཁབ་ཅིག་ཨིན། དེ་འབདཝ་ལས་ མི་ཚེ་འཚོ་བ་སྐྱོང་ནི་ལུ་ཟས་གཙོ་བོ་ རེད་ལས་བཏོན་པའི་ཆུམ་གྱི་ལྟོ་དང་ དེ་གུ་ལུ་ གནམ་བྱཱར་འབདན་ཨེ་མ་ཧོནམ་དང་ གནམ་དགུན་ལུ་ ཨེ་མ་སྐམ་གྱི་རིགས་ནང་ནོར་གྱི་དར་ཚི་བླུགས་ཏེ་བཟོ་བའི་ ཨེ་མ་དར་ཚི་གི་ཚོདམ་བཟོ་སྟེ་བཟའ་སྲོལ་འདི་ རྒྱལ་ཁབ་ནང་གི་ལུང་ཕྱོགས་ཀྱི་གཡུས་སྒོ་ཆ་མཉམ་གྱིས་ ཁྱབ་ཆེཝ་སྦེ་བཟའ་སྤྱོད་འབད་བའི་ བཞེས་སྒོ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིན། གཞན་དང་མ་འདྲ་བ་བའི་བཞེས་སྒོ་ཟེར་མི་འདི་ གཞན་རྒྱལ་ཁབ་ཚུ་ནང་ ཨེ་མ་བཟའ་སྤྱོད་འབད་སྲོལ་ཡོད་རུང་ ཨེ་མ་དར་ཚི་བཟོ་སྟེ་བཟའ་སྲོལ་མེད་ནི་དེ་གིས་ འབྲུག་པའི་ངོ་རྟགས་དང་དཔེ་མཚོན་ སྟོན་ཚུགསཔ་ལས་བརྟེན་ཏེ་ཨིན།
གློག་བརྙན་བཟོ་མི། ལོ། ༢༠༢༠
ས་གནས། ཡིག་ཆའི་ཚད་གཞི།
གསལ་སྟོན་སྤུས་ཚད། HD གཞི་བཀོད། HD
པར་དབང་། Bhutan Eats CCL: CC-BY-NC-SA
བརྡ་དོན་འབྱུང་ཁུངས། :