གནས་སྡུད།
པར།
ལག་ཟས་ཀེབ་ཏང་།
[
རྫོང་ཁ།
]
རྒྱལ་ཁབ། :
འབྲུག།ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག། :
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།འགྲེལ་བཤད། :
ལག་ཟས་ཀེབ་ཏང་འདི་ མང་ཤོས་ར་ ནོར་འཚོ་མི་དང་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་ ལམ་ཁར་ལྟོ་མི་བཀྱེས་ནིའི་དོན་ལུ་ ལམ་འགྱོ་བཞིན་དང་ལཱ་འབད་བཞིན་དུ་ ལག་ཐོག་ཟས་སྦེ་ཟ་ནི་འདི་གིས་ ལག་ཟས་ཀེབ་ཏང་ཟེར་སླབ་ཨིན་མས། བཤད་སྲོལ་ཅིག་ལས་འབད་བ་ཅིན་ ཕར་ཚུར་འགྲོ་འགྲུལ་འབད་མི་དང་ ལྷག་པར་དུ་ ལ་ཁ་མཐོ་སར་འགྱོཝ་ད་ ལ་སྡུག་མི་བཤེད་ནིའི་རྫས་ཅིག་འབད་ནི་འདི་གིས་ དེ་ལུ་ལ་རྫས་ཀེབ་ཏང་ཟེར་སླབ་ཨིན་ཟེར་བཤད་ནི་འདུག། དེའི་བཟོ་རྣམ་འདི་ སྟུག་པག་པག་དང་སྒོར་སྒོ་སྦེ་ ལ་ཆུའི་སྒོར་བཟུམ་སྦེ་ཡོད་ནི་འདི་གིས་ ལ་ལུ་གིས་ལ་ཆ་ཀེབ་ཏང་ཟེར་ཡང་སླབ་ཨིན་མས། འ་ནི་བཟུམ་གྱི་ཀེབ་ཏང་འདི་ འབྲུག་ནུབ་ཕྱོགས་པ་ཚུ་གིས་ཡང་ ཟ་སྤྱོད་འབད་ནི་ཡོདཔ་དང་ འདི་ཡང་ ལྷམ་པ་མ་འདྲཝ་གཉིས་སྦེ་བཟོ་ནི་ཡོད། འདི་ཡང་ གོང་གསལ་འབྲུ་སྣའི་ཕྱེ་ལག་ལེན་འཐབ་སྟེ་ གོ་སླང་དང་མེ་ནང་བསྲེག་སྟེ་བཟོ་མི་ལུ་ ཏེ་ཟས་དང་ དེ་བཟུམ་སྦེ་ བཟོ་དབྱིབ་ཅོག་འཐད་རུང་ བར་ན་དོང་བཏོན་ཞིན་ན་ ཆུ་ཚན་ནང་ལུ་བཙོ་སྟེ་བཟོ་མི་ལུ་ཆུ་ཏེ་ཟེར་སླབ་ཡོདཔ་ཨིན།ལོ་ཐོག་བྱཱོ་དང་རྒྱ་རེད་ལས་བཟོ་སྲོལ་ཡོད་པའི་ ལག་ཟས་ཀེབ་ཏང་འདི་ དུས་དང་ཕུ་ལས་ར་ བུམ་ཐང་སྡེ་བཞིའི་རྒེད་འོག་ཚུ་ནང་ མི་རབས་ལས་མི་རབས་བརྒྱུད་དེ་ ལག་ལེན་དང་ཟ་སྤྱོད་འབད་དེ་སྡོད་ནུག། དེ་ཡང་ དུས་རྒྱུན་གྱི་བཞེས་སྒོ་སྦེ་ཟ་སྲོལ་མེད་རུང་ ནོར་འཚོ་མི་དང་ ཕར་ཚུར་འགྲོ་འགྲུལ་འབད་མི་ ལ་མཐོ་ས་དང་དམའ་སར་ ག་ཏེ་ར་འགྱོ་རུང་ ལམ་ཁར་ལྟོ་མི་བཀྱེས་ནིའི་དོན་ལུ་ ལམ་འགྱོ་བཞིན་དང་ལཱ་འབད་བཞིན་དུ་ ལག་ཐོག་ཟས་སྦེ་ཟཝ་ཨིན་མས། འདི་བཟོ་བའི་སྐབས་ བྱཱོ་ཕྱེ་དང་ རྒྱ་རེད་ཕྱེ་ནང་ ཆང་དང་གུ་རམ་ བ་མར་ཚུ་བླུགས་ཏེ་བཟོ་ནི་དེ་གིས་ བཅུད་ཆེ་དྲགས་ཡོདཔ་ལས་ ལམ་ཁར་ལྟོ་རྩ་ལས་མི་བཀྱེསཔ་མ་ཚད་ ས་ཁ་མཐོ་སར་འགྱོ་མི་ཚུ་ལུ་ ལ་སྡུག་ཡང་མ་ཐོབ་པའི་ཁེ་ཕན་ཡོདཔ་ཨིན་མས།
ཧེ་མའི་དུས་ལུ་འབད་ཅིན་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ ད་རེས་ནང་པ་བཟུམ་སྦེ་ སྣུམ་འཁོར་གྱི་ལམ་དང་སྣུམ་འཁོར་ཚུ་མེད་ནི་འདི་གིས་ མང་ཤོས་རང་ རྐང་སྟོང་སྦེ་འགྱོ་དགོཔ་ད་ ལམ་ཁར་བཞེས་སྒོའི་རིགས་ག་ནི་ཡང་འཐོབ་ཐབས་མེདཔ་ལས་ ལྟོ་མི་བཀྱེས་ནིའི་དོན་ལུ་སྤྱོད་སྲོལ་ཡོད་རུང་ ད་རེས་ནངས་པ་ དེ་བཟུམ་མའི་དཀའ་ངལ་ཚུ་མེདཔ་ལས་ གནམ་བྱཱར་གྱི་དུས་ལུ་ ལ་ཁ་ལུ་དབྱར་རྩ་དགུན་འབུཔ་འཐུ་བར་འགྱོ་མི་རེ་རེ་གཉིས་གཉིས་ཀྱིས་ ལ་ཁར་ལ་སྡུག་མི་འཐོབ་ནི་དང་ ལྟོ་བཀྱེསཔ་བསང་ནིའི་དོན་ལུ་ ཨ་ཙི་རེ་ལག་ལེན་འཐབ་མ་གཏོགས་ ཡོངས་གྲགས་སྦེ་སྤྱོད་སྲོལ་མེད་ནི་དེ་གིས་ ཉམས་འགྱོ་ནིའི་ཉེན་ཁ་སྦོམ་འདུག་ཟེར་བསམ་འཆར་བཤད་ནི་འདུག། ལག་ཟས་ཀེབ་ཏང་འདི་ དུས་རྒྱུན་དུ་ཟ་སྤྱོད་འབད་སྲོལ་མེད་པའི་ཁར་ སྤྲོ་ཟས་དང་ མཆོད་པའི་ཟས་སྦེ་ ཚོགས་ལ་སོགས་པ་ཚུ་ནང་ཡང་ ལག་ལེན་འཐབ་སྲོལ་མེདཔ་ཨིན་མས།

