གནས་སྡུད།
པར།
ལེ་དོ།
[
རྫོང་ཁ།
]
རྒྱལ་ཁབ། :
འབྲུག།ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག། :
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།འགྲེལ་བཤད། :
ལེ་དོ་བཟོ་ནི་འདི་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ནང་རྐྱངམ་གཅིག་མ་གཏོགས་ རྫོང་ཁག་དང་རྒེད་འོག་གཞན་ཁར་བཟོ་ནི་གི་སྲོལ་མེད་པའི་ཁར་ དེའི་ནང་དོན་ཉིད་ལས་ སྟང་རྒེད་འོག་ ཨྱོན་ཆོས་གླིང་གཡུས་ཚན་འདི་ནང་ མི་རབས་ལས་མི་རབས་བརྒྱུད་དེ་ གདོང་ཆང་དྲང་པའི་སྐབས་ སྤྲོ་སྟོན་གྱི་ཟས་རྡིག་ཤོས་ཅིག་སྦེ་ལག་ལེན་འཐབ་སྟེ་འདུག། ལོ་ཐོག་ཀར་ལས་བཟོ་བའི་ལེ་དོ་འདི་ དུས་རྒྱུན་གྱི་བཞེས་སྒོ་སྦེ་ཟ་སྲོལ་མེད་རུང་ གཡུས་སྒོ་ནང་ཕྱི་ལས་སྐུ་མགྲོན་ བླམ་དང་དཔོན་ཁག་གཙོ་ཅན་ཚུ་བྱོན་པའི་སྐབས་ལུ་ གདོང་ཆང་དང་གཅིག་ཁར་དྲངས་ནིའི་དོན་ལུ་ དུས་ཚོད་ལོགས་སུ་སྦེ་བཏོན་ཏེ་བཟོ་སྲོལ་ཡོད་པའི་ གཡུས་ཁའི་ཟས་གཙོ་ཅན་ཅིག་ཨིན་སྦེ་བཤདཔ་ཨིན་མས། དེ་མ་ཚད་ ལོ་གསར་དང་དུས་སྟོན། ཚེས་བཅུ་དང་ཚོགས་འཁོར་ཚུ་གི་སྐབས་ལུ་ཡང་ བཟོ་ནི་ཡོད་པའི་ཁར་ མི་ཤིའི་སྐབས་ལུ་ཡང་ ཟས་བསྔོའི་གྲངས་སུ་ངེས་པར་དུ་བཟོ་སྟེ་ བཀལ་སྲོལ་ཡོད་པའི་གཡུས་ལུགས་ཀྱི་ ཟས་ཁག་ཆེ་ཤོས་ཅིག་ཨིན་རུང་ དུས་ཚོད་འདི་མྱ་ངན་གྱིས་གདུང་པའི་སྐབས་འབདཝ་ལས་ ཇ་ཙམ་དང་ཟ་ནིའི་ཟས་སྦེ་དྲངས་སྲོལ་མེདཔ་ཨིན་མས།ང་བཅས་རའི་རྒྱལ་ཁབ་ཀྱི་རྫོང་ཁག་ ཉི་ཤུའི་ནང་ ས་གནས་ཀྱི་ཆགས་ཚུལ་དང་ ས་ཁ་མཐོ་དམའ་ དེ་ལས་ཚ་དྲོད་དང་བསྟུན་ཏེ་ ལོ་ཐོག་ཚུ་བཏབ་ནི་དང་བསྡུ་ནིའི་དུས་ཚོད་ཚུ་ཡང་ སོ་སོར་སྦེ་འོངམ་ཨིན། ད་རེས་ཞིབ་འཚོལ་འབད་སའི་ས་གནས་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ ཨྱོན་ཆོས་གླིང་གཡུས་ཚན་ནང་ འབྲུ་སྣ་ཀར་འདི་ རང་ཟླ ༨ པའི་ཟླ་མཇུག་ཁམས་ལུ་བཏབ་སྟེ་ རང་ཟླ་ ༦ པ་དང་ ༧ པའི་ནང་བསྡུཝ་ཨིན་མས།

