གིང་ཚོགས་ལེན་འཆམ།
གིང་དང་ཚོགས་ལེན་ (ཚོགས་གླིང་། ཚོགས་ལིང་།) ཟུང་འབྲེལ་གྱི་སྐུ་འཆམ་འདི་ གར་འཆམ་ཚུ་གི་གྲས་ལས་ མི་དམང་དྲག་ཞན་དང་ ལོ་ན་རྒས་གཞོན་ཆེ་ཆུང་མེད་པར་ ཆ་མཉམ་གྱིས་སྤྲོ་ཉམས་ཀྱི་སྒོ་ལས་ མཇལ་བའི་མཐོང་གྲོལ་གྱི་སྐུ་འཆམ་ཅིག་ཨིན། འདི་ཡང་ གིང་གི་ཕྱག་ལུ་ རྔ་ཤུགས་སྦེ་བརྡུང་སྟེ་ ཚོགས་ལེན་ཚུ་དང་མཉམ་གཅིག་ དམག་འཐབ་པའི་མཐོང་སྣང་ སྤུ་འཛིངས་འཛིངས་སྦེ་ཐལ་བའི་ ཉམས་དང་ལྡན་མི་ལས་བརྟེན་ཏེ་ཨིན།
སྐུ་འཆམ་གྱི་རྒྱབ་ཁུངས་ཡང་ ཆོས་འབྱུང་ཚུ་དང་འཁྲིལ་ཏེ་ དུས་རབས་ ༡༥ པའི་ནང་ལུ་བྱོན་པའི་ རིག་འཛིན་ཆེན་པོ་གཏེར་སྟོན་པདྨ་གླིང་པ་ (༡༤༥༠-༡༥༢༡) མཆོག་གིས་ ཉམས་སྣང་ལུ་སྦེ་ ཨྱོན་རིན་པོ་ཆེའི་ཞིང་ཁམས་ ནུབ་ཕྱོགས་རྔ་གཡབ་ ཟངས་མདོག་དཔལ་རའི་ཞིང་ཁམས་ རང་འབྱུང་སྤྲུལ་པའི་ཕོ་བྲང་ཆེན་པོའི་སྦུག་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ འཇའ་ལུས་ཡེ་ཤེས་ཀྱི་སྐུ་སྦེ་བཞུགས་རུང་ སྤྲུལ་པ་སྣ་ཚོགས་བཀྱེ་སྟེ་ འཇིག་རྟེན་ས་གསུམ་ག་རའི་ནང་བྱོན་ཏེ་ སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད། དེའི་མཐའ་འཁོར་ གཡས་གྲལ་ལུ་ རྒྱ་དང་བོད་ཀྱི་རིག་འཛིན་ཆེན་པོ་ཚུ་དང་ གཡོན་ཁ་ཐུག་ལུ་ འཕགས་བོད་གྱི་པཎ་གྲུབ། དེ་ལས་ བར་མཚམས་ལུ་ རྗེ་འབངས་ཉེར་ལྔ་གིས་གཙོ་པའི་ སྤྲུལ་པའི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཚུ་གིས་ གོང་བརྡ་སྙན་བརྒྱུད་གསུམ་གྱི་སྒོ་ལས་ འཕྲིན་ལས་མཛད་དེ་བཞུགས་ཡོདཔ་དང་། དེའི་ བར་སྣང་ཁམས་ལུ་ འཇའ་དང་འོད་ཟེར་གྱིས་འཁྲིགས་པའི་སྦུག་ལུ་ ཡི་དམ་དཔའ་བོའི་ལྷ་ཚོགས་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ སྐུ་ཞི་བ་དང་དྲག་པོའི་རྣམ་པ་དང་ལྡན་མི་ཚུ་གིས་ རྡོ་རྗེའི་གླུ་གར་མིག་འཕྲུལ་བཟུམ་སྦེ་སྒྱུར་བའི་སྒོ་ལས་ ཕྱི་ནང་གསང་བའི་མཆོད་སྤྲིན་དང་ མཆོག་དང་མཐུན་མོང་གི་དངོས་གྲུབ་ཚུ་ སྩོལ་བའི་འཕྲིན་ལས་ཀྱི་རྣམ་པ་གཟིགས་པ་དང་། དེ་མ་ཚད་ ཕྱིའི་སྒོ་བཞི་དང་སྒོ་མཚམས་བརྒྱད་ཀྱི་ ཆོས་སྐྱོང་ཕོ་རྒྱུད་དང་མོ་རྒྱུད་ཚུ་གིས་གཙོས་པའི་ བཀའ་ཉན་རྒྱལ་པོ་ཆེན་པོ་བཞི་དང་ ལྷ་སྲིན་སྡེ་བརྒྱད་ཆ་མཉམ་ར་ ཁྲོ་བའི་སྐུ་ལུ་བཞེངས་ཏེ་ དམག་དཔུང་ལུ་གདན་དྲངས་ཏེ་ བསྟན་པའི་དགྲ་བོ་ མུ་སྟེགས་པ་ཚུ་དང་དམ་སྲི་ལ་སོགས་པ་ཚུ་ སངས་རྒྱས་ཀྱི་བསྟན་པ་དང་དངོས་གྲུབ་ཚུ་བར་ཆད་རྐྱབ་མི་ དགྲ་དང་བགེགས་ཚུ་ ཆམས་ལུ་ཕབས་པའི་འཕྲིན་ལས་མཛད་པའི་ངོ་མཚར་ཆེ་བའི་བཀོད་པ་ཚུ་ མངོན་སུམ་སྦེ་གཟིགས་ཡོདཔ་མི་ཚུ་ འཇིག་རྟེན་གྱི་ཁམས་ནང་གི་ འགྲོ་བ་སེམས་ཅན་ཚུ་ལུ་ ཐུགས་བརྩེ་བ་དགོངས་ཏེ་བྱིན་རླབས་ཅན་གྱི་གར་འཆམ་ མཐོང་གྲོལ་གྱི་ཚུལ་ལུ་ གཞི་བཙུགས་མཛད་གནང་ཡོདཔ་ཨིན་མས།
དེ་མ་ཚད་ ཨྱོན་རིན་པོ་ཆེ་མཆོག་ འཇིག་རྟེན་ནང་ཞལ་བཞུགས་པའི་སྐབས་ལུ་ཡང་ བོད་ཀྱི་རྒྱལ་ཁབ་ཀྱི་ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ བཞེངས་པའི་སྐབས་ལུ་ཡང་ སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་ལུ་ བར་ཆད་རྐྱབ་མི་ ལྷ་འདྲེ་གདུག་པ་ཅན་ཚུ་དམ་ལུ་བཏགས་ནིའི་དོན་ལུ་དང་ ཆོས་ཀྱི་རྒྱལ་པོ་ ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དོན་འགྲུབ་ནིའི་དོན་ལུ་ གསང་བ་སྐུ་གསུམ་གྱི་བདག་ཉིད་ བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྲུལ་པ་ཚུ་དང་ ནང་ཡི་དམ་དཔའ་བོ་དང་ མཁའ་འགྲོ་དཔའ་མོའི་ལྷ་ཚོགས་ཞི་དྲག་གི་གིང་ཚུ་དང་ ཕྱིའི་ཆོས་སྲུང་ངམ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་གཙོས་ འཁོར་རྒྱལ་ཆེན་བཞི་དང་ ལྷ་སྲིན་སྡེ་བརྒྱད་བཅས་ཚོགས་ལེན་ལུ་སྤྲུལ་ཏེ་ དྲག་པའི་དམག་ལུ་དྲངས། བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཆ་མཉམ་ར་ ཐལ་བར་བརླགས་པའི་རྫུ་འཕྲུལ་གྱི་བཀོད་སྟོན་ཏེ་ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་ཉི་མ་ཤར། འགྲོ་བ་སེམས་ཅན་ལུ་ ཞི་བདེ་སྐྱིད་པའི་ཟླ་བ་འཕྲོ་བར་མཛད་པའི་ མཛད་རྒྱ་རླབས་ཆེན་དེ་ རྗེ་དྲན་གྱི་དོན་ལུ་ གར་འཆམ་འདི་གཞི་བཙུགས་མཛད་གནང་ཡོདཔ་ཨིན།
བྱིན་རླབས་ཅན་གྱི་གར་འཆམ་འདི་ དུས་རབས་ ༡༧ པའི་ནང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ (༡༦༣༨-༡༦༩༦) མཆོག་གིས་ གཙོ་བོ་སྤྱི་བླ་དང་རྫོང་གཞི་ཁག་གི་ ཚེས་བཅུ་ཚུ་ནང་ལུ་གཞི་བཙུགས་མཛད་དེ་ རིམ་པ་བཞིན་དུ་ མི་དབང་སྡེ་སྲིད་དང་རྗེ་མཁན་རིམ་བྱོན་ཚུ་གིས་ ཕྱག་རྒྱུན་བཟུང་ཡོདཔ་མ་ཚད་ ལྷག་པར་དུ་ཡང་ མི་དབང་བརྒྱུད་འཛིན་ཚུ་གིས་ཁ་བསྐོང་སྦེ་ རྫོང་ཁག་ག་རའི་ནང་ལུ་ ལོ་བསྟར་གྱི་ཚེས་བཅུ་ ཤོས་སྙོམ་སྦེ་བཙུགས་ཏེ་ ད་ལྟོ་ མི་དམང་ཆ་མཉམ་གྱིས་ ར་སོའི་རྫོང་ཁག་གི་ཚེས་བཅུ་དུས་སྟོན་སྐབས་ གཏེར་སྟོན་མཆོག་གི་མཛད་བཤུལ་ བྱིན་རླབས་ཅན་གྱི་གར་འཆམ་མ་འདྲཝ་ལེ་ཤ་ཅིག་ མཇལ་ནིའི་གོ་སྐབས་ བསྐལ་བཟང་དུས་ཀྱི་ཚོར་སྣང་མྱོང་དང་མྱོང་བཞིན་པ་ཡོདཔ་ཨིན།
Country : འབྲུག།