དཔའ་བོའམ་ཇག་ཀིརི།
ལྷོ་མཚམས་པའི་ཁ་སྐད་ལས་ དཔའ་བོ། ཇག་ཀིརི། ཡི་ཅིན་ དྷ་མི་ཟེར་མི་འདི་ ལྷོ་མཚམས་པའི་མི་སྡེ་ནང་ལུ་ མི་མིན་འབྱུང་པོ་ཚུ་གི་གདོན་ཁ་དང་གནོད་ཁ་ཚུ་གི་ ན་ཚ་ཚུ་ལས་གསོ་ཐབས་ལུ་ གཡུས་ལུགས་ཀྱི་སྨན་བཅོས་རིམ་གྲོ་འབད་མི་ མི་ངོམ་གྱི་མིང་གནས་ཅིག་ཨིན་མས། དང་ཕུ་ ད་རེས་ནངས་པའི་མཚན་རིག་གི་སྨན་བཅོས་འབད་ནི་དང་ སྨན་པ་ཚུ་མེད་པའི་དུས་སྐབས་ལུ་ མི་ཚུ་གིས་ ནད་རིགས་དང་གདོན་ཚུ་བཅོས་ཁ་རྐྱབ་ནི་དོན་ལུ་ གཡུས་ལུགས་ཀྱི་སྨན་བཅོས་འབད་ནི་འདི་ ལྷོ་མཚམས་པའི་ཁ་སྐད་ལས་ ཅིམ་ཏ་དང་ཇཱག་ཀིརི་ཚུ་ རང་སོའི་ཁྱིམ་ནང་ལུ་གདན་འདྲེན་ཞུ་སྟེ་ རིམ་གྲོ་འབད་སྲོལ་ཡོདཔ་ཨིན་མས། ཇག་ཀིརིའི་འབྱུང་ཁུངས་འདི་ཡང་ ཧིན་དྷུའི་ཆོས་ལུགས་ཀྱི་ལྷ་ཆེན་ ཤི་ཝ་དང་དེའི་གསང་ཡུམ་པར་ཝཱ་ཏི་གཉིས་ཀྱི་ ལོ་རྒྱུས་དང་འབྲེལ་བ་ཡོདཔ་བཤད་སྲོལ་ཡོདཔ་དང་ འདི་ཡང་ ལྷ་མོ་སཱ་ཏི་ཟེར་མི་ཅིག་གིས་ འཇིག་རྟེན་འཛམ་བུ་གླིང་ནང་ལུ་ ཡབ་རྒྱལཔོ་ཧི་མ་ཝཏ་དང་བཙུནམོ་མེ་ན་གཉིས་ཀྱི་སྲསམོ་སྦེ་སྐུ་འཁྲུངས་ཏེ་ དུས་ཚོད་དེ་སྐབས་ར་ ནཱ་རཏ་མུ་ནི་ཟེར་ ཁྱད་དུ་འཕགས་པའི་རིག་པ་ལྡན་པའི་ཁར་ གཏམ་ལོ་རྒྱུས་དང་གནས་ཚུལ་ཚུ་ སླབ་ནི་ལུ་མཁས་པའི་མི་ཅིག་ སྲསམོ་དེ་མཇལ་བར་འོང་ཞིནམ་ལས་ ལྷ་ཆེན་དབང་ཕྱུག་དང་མཉམ་ གཉེན་རྐྱབ་ནིའི་ལུང་བསྟན་ཡོད་པའི་ལོ་རྒྱུས་ཚུ་ཞུ་ནུག། སྲསམོ་དེ་ སྦོམ་འགྱོ་བའི་སྐབས་ ལྷ་ཆེན་དབང་ཕྱུག་གི་སྐོར་ལས་མནོ་བསམ་གཏང་སྟེ་ སེམས་གཡེང་སྟེ་སྡོད་དོ་ཡོདཔ་ད་ དུས་ནམ་ཅིག་གི་ཚེ་ སྲསམོ་པར་ཝཱ་ཏི་འདི་ གཉེན་རྐྱབ་ནིའི་དུས་ཚོད་ལུ་ལྷོད་དེ་ མོ་ར་ལས་ངན་འཛད་ཐབས་དང་ ལྷ་ཆེན་དབང་ཕྱུག་གི་ཐུགས་མཉེས་ཐབས། དེ་ལས་ ལྷ་ཆེན་མཆོག་གི་བཙུནམོ་སྦེ་འབད་ཐབས་ལུ་ གངས་རི་ཧི་མ་ལ་ཡ་ལས་ཕར་འགྱོ་སྟེ་སྡོདཔ་ད་ ལྷ་ཆེན་མཆོག་ཡང་ མོ་གི་དད་པ་དག་སྣང་། བློ་འདོད་དང་འཁྲིལ་ཏེ་ གསང་ཡུབ་སྦེ་བཞེས་མཆིས་ནུག།
ཁོང་གཉིས་མཉམ་གཅིག་སྦེ་ ལོ་ཡུན་ལོ་ཤ་ཅིག་སོང་བའི་མཐའ་མར་ ལྷ་ཆེན་མཆོག་སྐུ་སྙུན་གཞི་དྲག་པོ་སྦེ་ཐེབས་ཏེ་ རྩ་ལས་ར་དྲག་མ་ཚུགས་པར་བཞུགསཔ་ད་ ལྷ་ཆེན་གྱིས་དེ་གི་རྒྱུ་རྐྱེན་གཙོ་བོ་ར་ གསང་ཡུམ་པར་ཝ་ཏི་འདི་ ལྷོ་མཚམས་པའི་ཁ་སྐད་ལས་ བཱོག་ཤི་ཟེར་ གསོན་འདྲེ་བཟུམ་ཅིག་ཨིན་སྦེ་མཁྱེན་ནུག། དེ་ལས་ ལྷ་ཆེན་གྱིས་ཁོ་རའི་སྐུདཔ་ལུ་བཤད་དེ་ སྐུདཔ་དེ་གིས་ མོ་གི་རྒྱུད་ལུ་ཡོད་པའི་གདོན་ཁམས་དེ་ ཁ་འབྱལ་གཏང་ནི་དང་ཡང་ཅིན་ ཁྲུས་གསོལ་འབད་དེ་སངས་འཐབ་ཡོདཔ་སྦེ་ཞུ་རུང་ ལཱ་འདི་འཇམ་ཏོག་ཏོ་ཅིག་མེནམ་མཁྱེན་ཞིནམ་ལས་ ཐབས་ཤེས་ཀྱི་སྒོ་ལས་ གདོན་ཁམས་དེ་བཏོན་གཏང་ནིའི་ལཱ་བསྐོར་སྒྲིག་ནུག། དུས་ནམ་ཅིག་འབདཝ་ད་ པར་ཝ་ཏི་འདི་ ག་ཅི་ཅིག་གིས་སྦེ་ སེམས་གཡེང་སྡོད་པའི་བར་ན་ ལྷ་ཆེན་གྱི་སྐུདཔ་དེ་གིས་ མོ་གི་རྩ་བར་ཁུ་སིམ་སིམ་སྦེ་སོང་སྟེ་ སྐད་ཤུགས་སྦེ་ ཕཊ་ སྦྱངསམ་ད་ མོ་རྣམ་ཏོག་ལངས། འདྲོག་འབྱེལ་འཐབ་སྟེ་ རང་བཞིན་གྱིས་གདོན་ཁམས་དེ་སངས་སོཔ་ལས་བརྟེན་ དུས་དེ་ལས་ཚུར་ ཇཱག་ཀིརིའི་སྲོལ་གཏོད་ཡོད་པའི་ལོ་རྒྱུས་ཚུ་ འདྲི་བ་འདྲིས་ལན་འབད་མི་ མང་ཤོས་གྱིས་ཅོག་གཅིགཔ་སྦེ་བཤད་ནི་འདུག།
ད་མ་ཚད་ འཛོམས་གླིང་ཐང་སྤྱི་འོག་ལས་ རྒས་ཤོས་ཅིག་ཨིན་མི་ ཨཔ་སིང་བྷིར་པཱརཱ་དྷན་གྱིས་ ཧེ་མ་ཇང་གཱ་ལི་ཟེར་ ཇག་ཀིརི་གི་མིང་རྣམ་གྲངས་ཅིག་ཨིན་མི་འདི་ ལྷ་ཆེན་དབང་ཕྱུག་སྐུ་སྙུང་གཞི་ཐེབས་ཏེ་ཡོདཔ་ཤེས་ཏེ་ ཁོ་གི་སྐུ་མདུན་ལུ་བཅར་བའི་སྐབས་ ལྷ་ཆེན་གྱི་གཡས་ཁ་ཐུག་ལུ་ཁོ་སྡོད་བཅུག གཡོན་ཁ་ཐུག་ལུ་ པར་ཝཱ་ཏི་བཞུགས་བཅུག་ཞིནམ་ལས་ ཇང་གཱ་ལི་དེ་གིས་རྩྭ་ཀུ་ཤའི་འདབ་མ་ (སྐྱེ་ལྡན་རིགས་སྣའི་མིང་ Thysanolaena latifolia) ལག་ལེན་འཐབ་སྟེ་ ལྷ་ཆེན་མཆོག་སྨན་བཅོས་འབད་བའི་སྐབས་ ཁོ་གིས་སྒྱུ་མའི་ཐོག་ལས་ འདབ་མ་དེ་ཧྲིལ་བུམ་སྦེ་ལྐོལ་མ་གཏང་། ཆབ་གསང་ལས་ཡང་འདབ་མ་ག་ཨིནམ་སྦེ་བཏོན་ཚུགས་ནུག། དེ་གི་ཤུལ་ལས་ པར་ཝཱ་ཏི་ལུ་ ཁྱོད་ཀྱིས་ཡང་དེ་བཟུམ་སྦེ་འབད་ཤིག་ཟེར་ ལྷ་ཆེན་གྱིས་བཀའ་གནངམ་ད་ བཙུན་མོ་གི་འདབ་མ་དེ་ཧྲིལ་བུམ་སྦེ་ལྐོལ་མར་གཏང་ཚུགས་རུང་ ཨོལ་ལྐོག་ལས་མར་མ་ཐལ་བར་ དཀའ་སྡུག་མྱོང་པའི་བར་ན་ ཇང་གཱ་ལི་གིས་མོ་ལུ་ བློ་ཤུགས་སྦེ་ཁོག་གཏང་ཟེར་ཞུཝ་བཞིན་དུ་ མོ་གིས་ཡང་དེ་སྦེ་འབད་བའི་སྐབས་ རྩྭ་ཀུ་ཤ་འདབ་མ་དང་མཉམ་གཅིག་ གདོན་ཁམས་ཡང་ཐོན་ཡར་སོཔ་ལས་བརྟེན་ ད་རེས་ནངས་པ་ འདབ་དེ་ལུ་ལེགས་ཤོམ་སྦེ་བལྟ་བ་ཅིན་ ལྷ་མོའི་ཚེམས་ཀྱི་བཤུལ་དང་ལྡནམ་སྦེ་མཇལ་ཚུགསཔ་ལས་ ལོ་རྒྱུས་དེ་ལས་ཚུར་ ཇག་ཀིརིའི་སྲོལ་བྱུང་ཡོདཔ་སྦེ་བཤདཔ་ཨིན་མས།
ཇག་ཀིརི་འབད་ནི་འདི་ ཁོང་ར་གིས་རིག་པ་ལྷབ་སྦྱངས་འབད་དེ་ མཁས་མཆོག་ཅིག་ལུ་གྱུརཝ་མེན་པར་ ལྷ་ཆེན་དབང་ཕྱུག་གིས་གནང་པའི་ འགྲོ་བ་སེམས་ཅན་སེམས་གྱི་ལུས་ཀྱི་ནད་ཚུ་ སེལ་ཚུགས་པའི་ལུང་བསྟན་དགོཔ་ཨིནམ་དང་ མི་ག་ར་འབད་རུང་ དེ་བཟུམ་མའི་ལུང་བསྟན་ཡོད་པའི་མི་འདི་ རང་བཞིན་གྱིས་ ཇག་ཀིརི་ཡོན་ཏན་དང་ལྡན་སྦེ་འོང་པའི་ཁར་ ཆུང་ཀུ་བསྒང་ལས་ ནད་གཞི་མ་འདྲཝ་ཚུ་གིས་བཟུན་ཏེ་འོང་པའི་ལོ་རྒྱུས་འདུག། ནད་རྟགས་ཚུ་ཡང་ འཕྲལ་འཕྲལ་ར་ཕོཝ། མགུ་ཏོ། མགུ་འཁོར་ནི། སྐེདཔ་ན་ནི་དང་ དེ་ལས་ གཟུགས་ཀྱི་ཡན་ལག་ཚུ་ཡང་ རང་གིས་བཀག་མ་ཚུགསཔ་སྦེ་བྱུངམ་ཨིན་དང་ ལ་ལུ་ཅིག་ ཇག་ཀིརིའི་ལུང་བསྟན་ཡོད་མི་ཚུ་གིས་ འཁྲུལ་པའི་ཉམས་ཤར་ནི་ཚུ་བྱུང་སྲོལ་ཡོདཔ་ཨིན་མས། སྐྱེས་ལོ་ ༦༥ ལང་མི་ ཇག་ཀིརི་མན་བྷིར་ཁ་དྷལ་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ལུང་བསྟན་ཅན་གྱི་མི་དེ་ ཨའི་གི་ཕོཝ་ནང་ཆགས་པའི་སྐབས་ལས་ མ་འདྲཝ་སྦེ་འོང་ཡོདཔ་མ་ཚད་ ཨའི་གིས་ཡང་ ཨ་ལུ་ཕར་ཚུར་སྤར་ནི་དང་ གསིག་ནི་ཚུ་གི་ཚོར་བ་བྱུངམ་ཨིན་ཟེར་བཤད་ནི་འདུག།
ཇག་ཀིརི་ལུ་མངོན་ཤེས་ཡང་ མི་གཙང་སྦྲ་ཐོག་ལུ་སྡོད་མི། སེམས་ཁམས་རྣམ་དག་ཡོད་མི། དེ་ལས་ གཟུགས་ཁམས་ཀྱི་འཕྲོད་བསྟེན་ཡང་ སྒྲིང་སྒྲི་ཡོད་མི་ཚུ་ལུ་བྱུངམ་ཨིནམ་དང་ བར་སྐབས་རེ་ བླམ་རྒྱལ་བ་གོང་མའི་སྤྲུལ་སྐུའི་རྣམ་པ་སྦེ་ཡང་བྱོན་སྲོལ་ཡོདཔ་ལས་ ཐུགས་རྟགས་ཞུ་མི་ཚུ་གི་ ཚེ་རབས་སྔ་མའི་སྐྱེ་བ་དང་ལས་ཚུ་གི་སྐོར་ལས་ བཤད་དེ་བྱིན་ཚུགསཔ་ཨིན་མས། མཱན་བྷིར་ཁ་དྷལ་གྱིས་ ཇག་ཀིརི་ཚུ་རེ་གཉིས་ལས་མ་གཏོགས་ འཁྲུངས་སྲོལ་མེདཔ་ལས་ ད་ལྟོ་བཞུགས་ཡོད་མི་ ཇག་ཀིརི་ཚུ་མང་ཤོས་ཅིག་ སྤྱི་ལོ་ ༡༩༩༠ གི་ཧེ་མ་གི་ཨིནམ་དང་ ལ་ལུ་ཅིག་སྤྱི་ལོ་ ༡༩༩༠ ལོའི་ལྷོ་མཚམས་པའི་འབྱེལཝ་ལས་བརྟེན་ཏེ་ རྒྱལ་ཁབ་སྤངས་ཏེ་སོང་ཡོདཔ་སྦེ་བཤད་ཨིན་མས། གཡུས་མི་ཚུ་གིས་ དྷ་མི་འདི་ རྩ་ཅན་ཅིག་སྦེ་བརྩི་བཀུར་ཞུ་མི་ཡང་ ཁོང་གིས་ སྨན་ཁང་ནང་ལུ་ཡུན་རིངམོ་སྦེ་སྨན་བཅོས་འབད་དེ་ མ་དྲག་པར་ལུས་ཡོད་མི་ཚུ་ རིམ་གྲོའི་ཐབས་ལམ་གཞན་གྱི་སྒོ་ལས་ འགོ་འདྲེན་འཐབ་སྟེ་ དྲག་ཚུགས་པའི་ཕན་པ་ཚུ་ཡོདཔ་ཨིནམ་ལས་ ཇག་ཀིརི་གི་རིམ་གྲོ་དེ་ གཡུས་མི་མང་ཤོས་ཀྱིས་ ཡིད་དང་དག་སྣང་སྐྱེད་སྲོལ་ཡོདཔ་སྦེ་བཤདཔ་ཨིན་མས། མན་བྷིར་ཁ་དྷལ་གྱི་ཨམ་སྲུ་ དེའུ་མ་ཡ་གིས་ གལ་སྲིད་མི་ཅིག་ གདོན་དང་འབྱུང་པོ་ཚུ་གི་རླམས་ཞུགས་ཏེ་ མགུ་འཁོར་ནི་དང་ སྐེདཔ་ན་ནི། ཡང་ཅིན་ ན་ཚ་རེ་ཚུ་བྱུང་པའི་སྐབས་ལུ་ དེ་འཕྲོ་ལས་ ནདཔ་ཚུ་མོ་གི་རྨགཔ་འབད་ས་ལས་ གྲོགས་རམ་ཞུ་བར་འོང་སྲོལ་ཡོད་ཟེར་བཤདཔ་ནི་འདུག།
མཱན་བྷིར་ཁ་དྷལ་འདི་ ཁོ་རའི་ཕམ་ཚུ་དང་མཉམ་གཅིག་མི་ཚེ་ཧྲིལ་བུམ་ འཛོམས་གླིང་སྨད་ལུ་སྡོད་དོ་ཡོདཔ་དང་ ཁོ་ཇག་ཀིརི་སྦེ་ངོས་འཛིན་ འབད་ཞིནམ་ལས་ཚུར་ རྩི་རང་རྫོང་ཁག་རྐྱངམ་གཅིག་གིས་མ་དོ་བར་ གཡུས་གཞན་ལས་ཡང་ ན་ཚ་གིས་གདུང་སྡོད་མི་ཉམས་ཆུང་མང་རབས་ཅིག་ སྨན་བཅོས་རིམ་གྲོ་འབད་དེ་ ནད་རིགས་ཚུ་ལས་གསོ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕྱི་པའི་སྨན་བཅོས་དང་རང་ལུགས་ཀྱི་སྨན་བཅོས་རིམ་གྲོ་གཉིས་ཆ་ར་ ཟུང་འབྲེལ་སྦེ་བསྟེན་སྲོལ་ཡོདཔ་ཨིན་མས། དཔའ་བོ་དེ་གིས་ བདུན་ཕྲག་དག་པ་ཅིག་གི་ཧེ་མ་ གཟེར་ནད་ཀྱི་བཟུན་པའི་ནདཔ་ བུམོ་ཅུང་དང་མཉམ་གཅིག་ ཕམ་ཚུ་ཁོ་འབད་སར་འོང་སྟེ་ རིམ་གྲོ་ཡང་ཁོ་རའི་ཁྱིམ་ནང་སྦེ་འགོ་འདྲེན་འཐབ་ཞིནམ་ལས་ ཧེ་མ་ ངེའི་ཁྱིམ་ནང་འོང་པའི་སྐབས་ སྒྱེལ་ཏོ་ཁར་བའག་སྟེ་བཀལ་ཡོདཔ་དང་ ཤུལ་ལས་ ནདཔ་དེ་ཆ་རོགས་མ་དགོ་པར་ མོ་ར་གིས་ལམ་འགྱོ་ཚུགསཔ་སྦེ་ཐལ་ཡོདཔ་སྦེ་བཤད་ཅི། གནས་ཚུལ་དེ་བཟུམ་ལུ་བལྟ་བ་ཅིན་ མི་ཚུ་གིས་ ད་རེས་ནངས་པའི་འཛམ་གླིང་གི་གནས་སྐབས་ལུ་ཡང་ རང་ལུགས་སྨན་བཅོས་རིམ་གྲོ་ལུ་ ཡིད་ཆེས་དང་དག་སྣང་ཡོདཔ་ཨིནམ་ཤེས་ཚུགས་པས།
Country : འབྲུག།