ལྷ་བོན་དམ་ལྷ་འབོད།
ལྷ་བོན་ཡང་ཅིན་ ལྷ་འབོད་ཟེར་མི་འདི་ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་དང་གཡུས་ས་གཡུས་ཚན་ཚུ་ནང་ལུ་ འགོ་འདྲེན་འཐབ་དུས་སྟོན་ཁྱད་དུ་འཕགས་པ་ཅིག་ཨིན། མིང་གནས་ཀྱི་འགྲེལ་བཤད་ཡང་ ལྷ་ཟེར་བ་ཅིན་ སྲུང་མ་ལུ་གོ་ནི་དང་ བོན་ཟེར་བ་ཅིན་ བོན་པོའི་ཆོས་ལུགས་ལུ་གོ་སྲོལ་དང་ དེ་ལས་ འབོད་ཟེར་བའི་མིང་ཚིག་གིས་འབོ་པའི་དོན་དང་ དེ་ལྷ་ལུ་སྦྱར་ཏེ་གོ་དོན་འགྲེལ་བ་ཅིན་ ལྷ་འབོ་ནི་དང་ཞུ་བའི་དོན་ཨིན་མས། ལྷ་བོན་དུས་སྟོན་གྱི་སྐབས་ལུ་ གཡུས་ཁའི་མི་ཚུ་གིས་ ཡུལ་གྱི་གཞི་བདག་ ཡུལ་བཙན་རྡོ་རྗེ་བྲག་བཙན་དང་ སྨན་མོ་བཀྲ་ཤིས་དབང་འཛོམས། དེ་ལས་ བོན་ལུགས་ཀྱི་ལྷ་ཆེན་འོ་དེ་གུང་རྒྱལ་ཚུ་ ལྷ་ཞུ་སའི་ས་སྒོ་ནང་སྦེ་ གནས་སྐབས་ཀྱི་དོན་ལུ་བཅའ་བསྒྲིགས་རྐྱབ་ཡོད་པའི་ ལྷ་ཁྱིམ་ནང་ལུ་ཞུཝ་ཨིན་མས། དེ་ནང་ལུ་གདན་འདྲེན་ཞུ་ཞིནམ་ལས་ མི་ཚུ་གིས་ད་ཚུན་གྱི་རིང་ལུ་ སྒེར་རྐྱང་རང་གི་མཐའ་དོན་ལུ་ ཉིན་གྱི་བྱ་ར། མཚན་མོའི་སྐྱབས་དང་སྡོང་གྲོགས་མཛད་གནང་མི་དང་ དུས་རྒྱུན་གྱི་བྱ་བ་ལམ་འགྲོ་ཚུ་ནང་ ལམ་སྟོན་མཛད་གནང་མི་ལུ་བཀའ་དྲིན་དགའ་ཚོར་ཞུ་ནི་དང་ དེ་མ་ཚད་ སྤྱིར་བཏང་གཡུས་ཚན་ནང་ལུ་ཨུན་པ་ཅིན་ ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་བབས། ནད་ཡམས། མུ་གེ། རྒོད་ཁ་ལ་སོགས་པའི་བཀྲ་མ་ཤིས་པ་ཚུ་ཞི་སྟེ་ ཕུན་སུམ་ཚོགས་པའི་ངང་ལུ་གནས་བཅུག་མི་ལུ་ གཡུས་མི་ག་ར་གིས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ལས་ བཀའ་དྲིན་དགའ་ཚོར་གྱི་གཏང་རག་ཕུལ་བའི་ཚུལ་ཨིན་མས།
དུས་སྟོན་འདི་ ལོ་བསྟར་བཞིན་དུ་ ཉིནམ་གསུམ་གྱི་རིང་ལུ་ གསོལ་མཆོད་ཕུལ་ནིའི་ལས་རིམ་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་དང་ དེའི་སྐབས་ལུ་ གཡུས་མི་དྲག་ཞན་བར་གསུམ་མེད་པར་ཆ་མཉམ་འཛོམས་ཏེ་ དོ་རུང་ད་ལས་ཕར་ཡང་ མི་ལུ་ན་ཚ། སྒོ་ནོར་སེམས་ཅན་ཚུ་ལུ་རྒོད་ཁ། ལོ་ཐོག་ཚུ་ལུ་ནད་ཡམས་དང་ སྤྱིར་སེམས་ཅན་ཚུ་ལུ་མུ་གེ་འབྱུང་མི་བཅུག་ནིའི་ སྨོན་བཏབ་ནིའི་དུས་ཚོད་བཟང་པོ་ཅིག་ཨིན་མས། དུས་སྟོན་གི་སྐབས་ལུ་ འགན་ཁུར་གཙོ་བོ་འབག་མི་འདི་ གཡུས་མི་རྒས་ཤོས་ཅིག་ཨིན་མི་ ཕ་ཇོ་ཟེར་མི་དང་ དེ་ལུ་ཆ་རོགས་འབད་མི་དཔའ་མཛངས་པ་ ན་གཞོན་ཕོ་རྒྱའི་རིགས་ཚུ་ཨིནམ་མ་ཚད་ ཨམ་སྲུ་ཚུ་གིས་ཡང་ གླུ་དང་གར་གྱི་མཆོད་པ་ཚུ་ཕུལ་ནིའི་དོན་ལུ་ གྲལ་ཁར་གཏོགས་ཏེ་ དགའ་སྤྲོ་སྟོན་ནིའི་དུས་ཚོད་ཅིག་ཡང་ཨིན་མས། དང་ཕུ་ཨིན་པ་ཅིན་ ལྷ་འབོད་ཀྱི་སྐབས་ལུ་ ནོར་སེམས་ཅན་ཚུ་དམར་བསད་འབད་དེ་ ཤ་དང་ཁྲག་གིས་མཆོད་པ་ཕུལ་སྲོལ་ཡོད་རུང་ སྲོལ་ངན་དེ་ ལོ་མང་རབས་ཅིག་གི་ཧེ་མ་ལས་ཤོལ་བཞག་སྟེ་ ད་རེས་ནངས་པ་འབད་བ་ཅིན་ ཤ་ཁང་ནང་ལས་ཤ་ཉོ་སྟེ་ གསོལ་མཆོད་པ་ཕུལ་སྲོལ་ཡོདཔ་ཨིན་མས།
Country : འབྲུག།