ལམ་སྲོལ་ཆ་ཤས།

Elements

ཨ་རག

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ལུ་ཡང་ བཟོ་སྲོལ་དང་སྤྱོད་སྲོལ་ཡོདཔ་ཨིན།
ངོས་བཟུང་འབད་བའི་ལོ།
༢༠༢༢
འགྲེལ་བཤད།
སྤྱིར་བཏང་ ཆང་གི་སྦངམ་དང་ཡང་ཅིན་ རླུངམ་བསྐོལ་ཏེ་ དེའི་རླངམ་ལས་བཏོན་སྲོལ་ཡོད་པའི་ཨ་རག་འདི་ སེངྒེ་རྣམ་རྒྱལ། ༡༩༩༨ ཤོག་གྲངས་ ༥༤) “དབུས་ཤར་གྱི་ཨ་རག་གི་འབྱུང་རབས་འདི་ དུས་རབས་བཅུ་པ་ཡན་ཆད་ཡོདཔ་སྦེ་ བཤད་དེ་འདུག ཨ་རག་བཙག་ཐངས་འདི་ དུས་རབས་བཅུ་པའི་ ལོ་བར་མཚམས་ཅིག་ལུ་ དབུས་ཕྱོགས་ཨ་རབ་ཀྱི་རྫས་ཁམས་སྤྱོད་མིའི་ ཨཱལ་བུ་ཀ་སེམ་གྱིས་ འགོ་ཐོག་ལག་ལེན་འཐབ་ཅི་ཟེར་ཨིན་མས།” ཟེར་བཀོད་དེ་ཡོད་རུང་ ཨེཕ་ཨར་ཨཱལ་ཅིན་གྱི་བྲིས་ཡོད་པའི་ India: The Ancient Home of Distillation གི་རྩོམ་ཤོག་དང་འཁྲིལ་བ་ཅིན་ རླངམ་བཙག་པའི་ཆང་གི་འཐོན་སྐྱེད་བཏོན་ནིའི་རིག་རྩལ་འདི་ འགོ་ཐོག་ ཡི་ཤུའི་དུས་རབས་མ་ཐོན་པའི་གོང་ལས་ གིརིཀ་རྒྱལ་ཕྲན་གྱི་མི་ ཨེ་ལེཀསི་ཛེན་ཌིརིཡ་གིས་ གསར་བཏོད་འབད་འབདཝ་ཨིནམ་དང་ རིག་རྩལ་འདི་ཤུལ་ལས་ དབུས་ཕྱོགས་ལུང་ཕྱོགས་ཀྱི་ཨ་རཱབ་རྒྱལ་ཁབ་ཚུ་ནང་ལུ་ གཙོ་བོ་ མར་ཁུ་བཏོན་ནིའི་དོན་ལུ་ ལག་ལེན་འཐབ་སྲོལ་བྱུང་ཡོདཔ་ཨིན་མས།

དེ་གི་རྟིང་མར་ དུས་རབས་ ༡༢ འཚམས་ལུ་ ནུབ་ཕྱོགས་ཡུ་རོབ་ལུང་ཕྱོགས་ཀྱི་རྒྱབ་ཁབ་ཚུ་ནང་ རིག་རྩལ་དེ་དར་སྟེ་ ཨ་རག་གི་རིགས་མ་འདྲཝ་ཚུ་བཏོན་སྲོལ་དང་ དེ་ལས་རིམ་པ་བཞིན་དུ་ ཨཕ་རི་ཀ་དང་ཨེ་མི་རི་ཀའི་ལུང་ཕྱོགས་ཚུ་ནང་དང་ ཨེ་ཤི་ཡ་ལུང་ཕྱོགས་ཆ་མཉམ་ནང་དར་ཁྱབ་སོང་ཡོདཔ་སྦེ་བཀོད་དེ་འདུག། ཨིན་རུང་ རྒྱལ་ཁབ་རང་སོའི་གནམ་གཤིས་དང་ སྐྱེ་ལྡན་རིགས་སྣའི་འཐོན་སྐྱེད་ཚུ་ལུ་བརྟེན་ ཨ་རག་གི་རིགས་མ་འདྲཝ་བཏོན་ནིའི་རྒྱུ་སྣ་ཚོགས་ འབྲུ་སྣ། ཤིང་འབྲས་ གླི། ཁམ། དགུན་འབྲུམ། བྲམ་ཟེ། དེ་ལས་ གུན་ཆ། ཏ་ལའི་ཤིང་གི་ཆུ་ལ་སོགས་པ་ལས་ རླངམ་བཙག་སྟེ་བཏོན་སྲོལ་ཡོདཔ་སྦེ་ ཇེམསི་མེཀ་ཧིའུ་གི་ intoxicating Nectars of Plenty: Reflections on Wine and Other Drinks in Ancient South Asia དང་ ཀལའུ་ཌིཡ་དང་ བཱརཡེན་ནོ་ཊ་རིསིས། དེ་ལས་ མཱར་ཀོ་ ཨེན་རི་ཀོ་གསུམ་གྱི་ཞུ་དག་རྐྱབ་ཡོད་པའི་ Wine Cultures: Gandhãra and Beyond གི་རྩོམ་ཤོག་ནང་ལུ་བཀོད་དེ་འདུག། དེ་མ་ཚད་ ལྷོ་ཕྱོགས་ཨེ་ཀི་ཡའི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་གི་ ཨ་རག་བཟོ་སྲོལ་འདི་ རྒྱ་ནག་གི་ལུགས་སུ་འཚམས་འབད་ཡོདཔ་མ་ཚད་ ཨ་རག་བཟོ་ནིའི་རྒྱུ་ཐེབས་ བེ་ཏ་ཤིང་གི་ཁུ་བ་ཡང་ ལག་ལེན་འཐབ་དོ་ཡོདཔ་སྦེ་ https://spiritsanddistilling.com/dictionary/id/acref-9780199311132-e-747/ གི་ཡོངས་འབྲེལ་རྩོམ་ཤོག་ནང་བཀོད་དེ་འདུག།
གོང་གསལ་ འབྱུང་ཁུངས་ལོ་རྒྱུས་དང་ཞིབ་འཇུག་འབད་ཡོད་མི་ཚུ་དང་འཁྲིལ་ཏེ་ འབྲུག་རྒྱལ་ཁབ་ནང་ལུ་ ཨ་རག་བཟོ་སྲོལ་འདི་གནའ་བོའི་ལུགས་སྲོལ་ཅིག་མེན་པར་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་འབྲུག་མི་ ཚོང་རྐྱབ་མི་དང་གནས་བསྐོརཔ་ཚུ་གིས་ རྒྱལ་ཁབ་ནང་ལུ་འབག་འོང་པའི་སྲོལ་ཅིག་ཨིནམ་ ཨ་རག་བཟོ་ནིའི་རྒྱུ། ཐབ་ཆས། མིང་གནས་དང་བྱ་རིམ་ཧ་ལམ་གཅིག་མཚུངས་ཡོད་མི་ལུ་བལྟཝ་ད་ཤེས་ཚུགསཔ་ཨིན་རུང་ རྒྱལ་ཁབ་ཀྱི་རིག་པ་ཁ་སྐོང་དང་ ཆོས་ཕྱོགས་དང་འཇིག་རྟེན་ལུགས་སྦེ་ ལག་ལེན་འཐབ་ཐངས་ཚུ་ རྒྱལ་ཁབ་གཞན་དང་མ་འདྲཝ་འབད་ཡོད་པའི་ཁྱད་ཆོས་ཚུ་ལས་ འབྲུག་པའི་ཨ་རག་གི་འཐོན་སྐྱེད་ལོགས་སུ་ཅིག་སྦེ་ བརྩི་འཇོགས་འབད་སྲོལ་ཡོདཔ་ཨིན།

མིང་གནས།
ཨ་རག་ཟེར་བའི་ཆང་གི་མིང་འདི་ འབྲུག་རྒྱལ་ཁབ་ནང་ལུ་རྐྱངམ་གཅིག་ལག་ལེན་འཐབ་སྲོལ་ཡོདཔ་མེན་པར་ གོང་གསལ་ ཆང་དེ་འགོ་ཐོག་བྱུང་སའི་ས་གནས་ དབུས་ཕྱོགས་ལུང་ཕྱོགས་ཀྱི་ཨ་རཱབ་རྒྱལ་ཁབ་ཀྱི་ ཐ་སྙད་ཅིག་ཨིནམ་ལས་ ཁོང་གི་ཁ་སྐད་ནང་ལུ་ རླངམ་ལས་བཙག་པའི་ཆང་ངར་ལུ་གོཝ་ཨིནམ་ལས་ དེ་གིས་ ཆང་ངར་ རྒྱུ་ག་བཟུམ་ལས་བཟོ་རུང་ འཐོན་སྐྱེད་ལག་ལེན་འཐབ་པའི་རྒྱལ་ཁབ་ མོ་རོ་ཀོ་རྒྱལ་ཁབ་ལས་སོག་པོ། དེ་ལས་ རྒྱ་གར་ལས་ཨིན་དོནི་ཤིཡ་ཚུ་ནང་ལུ་ ཚོང་སྒྱུར་གྱི་འབྲེལ་བ་ལས་བརྟེན་ ཐ་སྙད་གཅིག་སྦེ་ལག་ལེན་འཐབ་སྲོལ་བྱུང་ཡོདཔ་དང་ ལྷོ་ཕྱོགས་ཨེ་ཤི་ཡ་ལུང་ཕྱོགས་ནང་ལུ་ལྷོད་པའི་སྐབས་ ཨ་རག་གི་གོ་བ་འདི་ དུམ་གྲ་ཅིག་ཁྱབ་ཆེཝ་སྦེ་ རྔུལ་ནག། ཤིང་ནང་གི་ཆུ། བཅུད་དང་ཡང་ཅིན་ ཆང་ངར་ལུ་གོཝ་ཨིནམ་ https://spiritsanddistilling.com/dictionary/id/acref-9780199311132-e-1035/ གི་ཡོངས་འབྲེལ་རྩོམ་ཤོག་ནང་བཀོད་དེ་འདུག། དེ་གི་ཁ་སྐོང་ལུ་ སོག་པོའི་མི་ཚུ་གིས་ ཨར་ཁི། བལ་པོ་ནེ་པཱལ་གྱིས་རག་ཤི། བུལ་གེ་རི་ཡའི་མི་ཚུ་གིས་ ར་ཀིན་ཡ་དང་ད་ལྟོ་འབད་བ་ཅིན་ ར་ཀི་ཡ་ཟེར་ རྗོད་ཚིག་ ཀི། ཁི། ཤི་གི་ཁྱད་པར་བཟོ་སླབ་སྲོལ་ཡོདཔ་དང་ ཨི་རག་རྒྱལ་ཁབ་ཀྱིས་ ཨ་རག དེ་ལས་ རྒྱ་ཁར་རྒྱལ་ཁབ་ཀྱི་གོ་བ་མངའ་སྡེའི་མི་ཚུ་གིས་ ཤིང་ཏ་ལའི་ཆུ་གིས་བཟོ་མི་ཆང་ལུ་ ཨོ་ར་ཀ ཕི་ལི་པིནིསི་གིས་ ཨ་རག་དང་མཇུག་ར་ ཨིསི་པེ་ནིཤི་ཚུ་གིས་ཡང་ཧ་ལམ་འདྲ་སུ་སྦེ་ ཨ་རག་ཀུའིན་ཟེར་སླབ་སྲོལ་ཡོད་མི་ཚུ་ དབྱིན་སྐད་ཀྱི་ཚིག་མཛོད་ནང་སྤྱི་ལོ་ ༡༦༠༠ འཚམས་ལུ་ ཨ་རག་ཟེར་མིང་གནས་གསརཔ་བཙུགས་ཡོདཔ་སྦེ་བཀོད་དེ་འདུག།

དེ་འབད་ནི་དེ་གིས་ ཨ་རག་ཟེར་བའི་མིང་གནས་འདི་ འབྲུག་རྒྱལ་ཁབ་ཀྱི་ཆང་གི་མིང་གནས་ ངོ་མ་ཅིག་མེནམ་དང་ མིང་གནས་འདི་རླངམ་ལས་བརྟེན་པའི་ཆང་ངར་བཏོན་ནིའི་སྲོལ་དར་ཡོད་པའི་ རྒྱལ་ཁབ་མང་ཤོས་ཅིག་གིས་ལག་ལེན་འཐབ་པའི་ ཐ་སྙད་ཅིག་ཨིནམ་མཁྱེན་དགོཔ་གལ་ཆེ་ཟེར་ཞུ་ནི། དེ་ལས་ མིང་གནས་བརྗོད་ཐངས་ཀྱི་ཐད་ལུ་ ཡིག་སྡེབ་བྲི་བའི་སྐབས་ ཨ་རག་ཟེར་ཅོག་ཐདཔ་སྦེ་བྲིས་སྲོལ་ཡོད་རུང་ ཁ་ལས་སླབ་པའི་སྐབས་ རག་གི་རྗེས་འཇུག་མེདཔ་སྦེ་ ཨ་ར་ཟེར་སླབ་སྲོལ་ཡོདཔ་འདི་རྫོང་ཁའི་ངག་གཤིས་ ཐུན་མིན་ཅིག་ཨིན། ཨིན་རུང་ ཤར་ཕྱོགས་ཀུར་སྟོད་ཁ་ཐུག་དང་ དེ་ལས་གཞན་ཡང་ བུམ་ཐང་དང་ཚངས་ལ་རྐྱབ་མི་ལ་ལུ་གིས་ གསེར་སྐྱེམས་བདུད་རྩི་ལས་རྟ་དྲངས་ཏེ་ ཡུལ་གོང་མ་ལུ་མཆོད་པའི་གཏུང་བྱའི་བྱེ་བྲག་ཅིག་འབདཝ་ལས་ ཞེ་ས་སྦེ་ སྐྱེམས་ཟེར་ཞུ་སྲོལ་ཡོདཔ་བཞིན་དུ་ དོ་རུང་ མིང་གནས་གཞན་ཆབས་ཆུ་ཟེར་ཡང་སླབ་སྲོལ་ཡོད་མི་ཚུ་ གཡུས་ལུགས་ཀྱི་ཐ་སྙད་ཅིག་ཨིནམ་ལས་ དེ་ཚུ་ ལག་ལེན་འཐབ་པ་ཅིན་ འབྲུག་པའི་ངག་གཤིས་དང་མིང་གནས་ ཐུན་མོང་མ་ཡིན་པ་ཅིག་ལུ་འགྱུར་ནི་ཨིན་པའི་ ཞིབ་འཚོལ་པ་རང་རྐྱང་གི་རེེ་འདོད་ཨིན།

འབྲུག་ལུགས་ཀྱི་ཨ་རག་བཟོ་སྲོལ།
ཨ་རག་བཟོ་སྲོལ་འདི་ རྒྱ་གར་རྒྱལ་ཁབ་ནང་ལུ་ སྤྱི་ལོ་ ༡༢༨༠ འཚམས་ལས་དར་ཏེ་ དུས་རབས་ ༡༧ འཚམས་ལུ་ རྒྱུ་སྣ་ཚོགས་ལས་ཆང་ངར་བཏོན་ཏེ་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁར་དང་ ལུང་ཕྱོགས་གཞན་མི་ཚུ་ནང་ལས་ཕར་ཚོང་སྒྱུར་འཐབ་པའི་སྐབས་ འབྲུག་རྒྱལ་ཁབ་ཀྱི་ཚོང་པ། གནས་བསྐོརཔ། སྲིད་དོན་པ་ཚུ་གིས་ཨ་རག་བཟོ་ནིའི་རིག་རྩལ་མཐོང་སྟེ་ རྒྱལ་ཁབ་ནང་ལུ་དར་ཁྱབ་གཏང་ཡོད་པའི་ཚོད་དཔག་འབད་ཚུགས་པས། དེ་འབདཝ་ལས་ ཨ་རག་དང་འབྲེལ་བའི་ལོ་རྒྱུས་ཚུ་ ཆོས་འབྱུང་། རྒྱལ་རབས། རྣམ་ཐར་ཚུ་ནང་བཀོད་དེ་མིན་འདུག། དེ་གི་སྔ་གོང་ལུ་ཨ་རག་སྤྱོད་སྲོལ་མེད་པའི་ལོ་རྒྱུས་ཚུ་ཡང་ དུས་རབས་ ༡༥ པའི་ནང་ལུ་བྱོན་མི་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་མཐོང་ཐོས་འཛུམ་ཤོར་དད་པས་གྲོལ་བ། ཤོག་གྲངས་ ༡༣ གྱི་ནང་ལུ་ ‘སུམ་ཆང་གར་དྲགས་ལྷོ་ལུ་ཡོད། །’ ལྷོ་ལུ་ཡོད་ཟེར་མ་གཏོགས་ ཨ་རག་ཟེར་བའི་ཐ་སྙད་ཐོན་ནང་མེདཔ་དང་ དེ་བཟུམ་སྦེ་ པད་གླིང་རྣམ་ཐར་འོད་ཟེར་ཀུན་མཛེས་ནོར་བུའི་ཕྲེང་བ། ཤོག་གྲངས་ ༡༡༢ ནང་ལུ་ཡང་ ‘ཡོན་དབག་གཅིག་གིས་དཔོན་སློབ་རྣམས་ལ་ཟངས་མོ་ཆེ་ཞིག་ཆང་གིས་བཀང་ནས།’ ཟེར་ ཆང་སྤྱི་མིང་སྦེ་བཀོད་དེ་འདུག། དེ་མ་ཚད་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༤༨ པ་ མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་གི་སྐུ་རིང་ལུ་ དབང་འདུས་ཕོ་བྲང་རྫོང་དཔོན་ ཨང་འབྲུག་ཉི་མའི་གཟིམ་དཔོན་ པདྨའི་ཚེ་དབང་བཀྲ་ཤིས་ཀྱིས་སྒྱུར་བའི་བློ་ཟེ་ནང་ “ཆང་སུམ་ཆང་ཁག་མོའི་བདུད་རྩི་འདི། །གླང་མ་ཧེའི་རྭ་བར་འདེགས་ཏེ་གིས། །ཕོ་དཔའ་བོའི་ལམ་མཇུག་རྐྱབས་སྨ་རེད། །”ཟེར་ ཡོད་མི་འདི་མ་གཏོགས་ དེ་གི་ཧེ་མ་ལུ་སྤྱི་མིང་ ཆང་འདི་ར་ལག་ལེན་འཐབ་ཡོདཔ་མ་ཚད་ གཡུས་ལུགས་ཆང་གི་རིགས་གཞན་ སུམ་ཆང་། སྦང་ཆང་། སིང་ཆང་ཚུ་ཡང་ཁ་རྒྱུན་ནང་སྦེ་ ལག་ལེན་འཐབ་སྟེ་སྡོད་ཡོད་པའི་སྒྲུབ་བྱེད་བཀོད་ཚུགས་པས།

ཨིན་རུང་ སེངྒེ་རྣམ་རྒྱལ་གྱིས་བྲིས་པའི་ འབྲུག་གི་དངོས་མེད་ཀྱི་སྲོལ་རྒྱུན་ ཨ་རག་གི་ལམ་སྲོལ། རྩོམ་བྲིས་ཤོག་གྲངས་ ༥༨ ཀྱི་ནང་ “བཤད་ཚུལ་ཅིག་ལས་འབད་བ་ཅིན་ ཧེ་མ་འབྲུག་གི་བླ་ཆེན་དམ་པ་ བླམ་ཆོས་རྗེ་འབྲུག་པ་ ཀུན་ལེགས་ འབྲུག་རྒྱལ་ཁབ་འདི་ནང་ དམ་པའི་ཆོས་ཀྱི་བསྟན་པ་སྤེལ་ཏེ་ འགྲོ་བ་སེམས་ཅན་གྱི་མཐའ་དོན་མཛད་དེ་ ཕར་ཚུར་བྱོན་པའི་སྐབས་ལུ་ཡང་ མི་ཚུ་གིས་ ཆང་དང་འབྲེལ་བ་སྦོམ་སྦེ་ར་ འཐབ་དོ་ཡོདཔ་མ་ཚད་ བླམ་ལུ་གཡུས་ཁའི་བུམོ་ཚུ་གིས་ཆང་ དྲངས་པའི་ལོ་རྒྱུས་དང་ བླམ་ག་ཏེ་བཞུགས ས་ལུ་ ཆང་གི་འབྱོར་པ་ ག་ནི་བ་ འབོལ་ཏོག་ཏོ་ཡོད་པའི་ལོ་རྒྱུས་ཚུ་ལུ་བལྟ་བ་ཅིན་ འབྲུག་ལུ་ཆང་འདི་ དུས་རབས་ ༡༥ པའི་ནང་ལས་ར་ཡོངས་ཁྱབ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་པས། དེ་ཡང་ ཞབས་ཁྲའི་ཚིག་ཚུ་ཡང་ཞིམ་ནི་ཨ་རག་ཞིམ་པས། སྦང་ཆང་ལས་ཀྱིས་འཁོར་སོང་། ཟེར་ ཨ་རག་གི་སྐོར་ལས་ཞབས་ཁྲའི་ཚིག་ནང་ལུ་ཡང་ བཙུགས་ཏེ་ཡོདཔ་ལས་ འབྲུག་ལུ་ཨ་རག་འདི་ དགའ་སྐྱིད་སྤྲོ་གསུམ་གྱི་དོན་ལུ་ རྒྱ་ཆེ་ཏོག་ཏོ་སྦེ་ཧེ་མ་ལས་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན་པས།” ཟེར་བཀོད་དེ་ཡོད་རུང་ གླུ་ཚིག་དེ་དུས་ཚོད་དང་བརྩམས་པ་པོ་ག་ཨིན་ན་ ཤེས་ཚུགས་པ་ཅིན་ དུས་ཚིགས་དེ་ངེས་ཤེས་འདྲོངས་ཚུགས་ནིའི་གོ་སྐབས་འདུག།

ཨ་རག་གི་རྒྱུ།
སྤྱིར་བཏང་ ཆང་ངར་དང་གཞན་ཡང་རླངམ་ལས་བརྟེན་ཏེ་ ཆང་བཟོ་སྲོལ་ཡོད་པའི་རྒྱལ་ཁབ་ཚུ་ནང་ལུ་ རྒྱལ་ཁབ་ཀྱི་ས་ཁ་མཐོ་དམན་དང་ སྐྱེ་ལྡན་རིགས་སྣའི་འཐོན་སྐྱེད་དང་འཁྲིལ་ ལོ་ཐོག་འབྲུ་སྣའི་བྱེ་བྲག་དང་ཤིང་འབྲས། དེ་ལས་ ཤིང་གི་ཁུ་བ་ལ་སོགས་པ་ཚུ་ ཆང་གི་རྒྱུ་སྦེ་སྤྱོད་སྲོལ་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ལུ་ཨིན་པ་ཅིན་ གནམ་གཤིས་ལུ་བརྟེན་ས་མཐོ་དམན་ཚུ་ནང་ གཞི་བཅགས་པའི་གཡུས་ཚན་ཚུ་གིས་ཨ་རག་བཟོ་ན་ནིའི་རྒྱུ་གཙོ་བོ་ འབྲུ་སྣའི་རིགས་རྐྱངམ་གཅིག་ལག་ལེན་འཐབ་སྲོལ་ཡོདཔ་ཨིན། འདི་ཡང་ ས་ཁ་མཐོ་བའི་གཡུས་ཚན་ཚུ་ནང་ ལོ་ཐོག་གཙོ་བོ་ བྱོཝ་དང་ཀར་ཚུ་ལག་ལེན་འཐབ་སྲོལ་ཡོདཔ་དང་ དེ་ལས་དུམ་གྲ་ཅིག་ཁ་དམའ་སུ་དང་དྲོད་ས་ཚུ་ནང་ གེ་རེད། ནག མོནམ་བྱཱ། གེ་ཛ། རེད། ཆུམ་དང་ཕྱེ་མ་ཚུ་འབོར་ཆེ་ཏོག་ཏོ་སྦེ་སྤྱོད་སྲོལ་ཡོདཔ་ཨིན། ཆང་བཙོ་ནིའི་དོན་ལུ་ གེ་ཛ་བཟུམ་འབད་བ་ཅིན་ ཁ་རང་སྦོམ་སུ་སྦེ་འཐག་སྟེ་ལག་ལེན་འཐབ་སྲོལ་དང་ གཞན་མི་ཚུ་མ་འཐག་པར་ག་ཨིནམ་སྦེ་བཙོ་ཞིན་ན་ དེ་གུར་ ཕབས་གཏའ་བླུགས། ཆང་ལོང་པའི་བསྒང་ལས་ ཆང་གི་རྒྱ་ཛི་ལ་སོགས་པའི་ཧོད་ཚུ་ནང་བླུགས་ཏེ་ ཁབ་ཏོ་སྒྲིང་སྒྲིང་སྦེ་བཅད་དེ་བཞག་དགོ་པའི་ཁར་ མལ་ཆ་ལ་སོགས་པའི་གོ་ལ་ཚུ་གིས་སྤུར་ཏེ་བཞག་ནི་དང་ ཡང་ཅིན་ མེའི་དྲོད་ཡོད་སར་བཞག་སྟེ་ ཆང་གི་ངར་བཏག་བཅུག་སྲོལ་ཡོདཔ་ཨིན། ད་རེས་ནངས་པ་ ཕྱི་རྒྱལ་གྱི་རིག་པ་ལག་ལེན་འཐབ་སྟེ་ཤིང་འབྲས་ ཨེ་པཱལ་དང་གླི། ཁམ་དང་ཅུ་ལི་ཚུ་ལས་བཟོ་བའི་ ཆང་ངར་མ་འདྲཝ་ཡང་ཐོབ་ཚུགསཔ་ཨིན་རུང་ རྒྱལ་ཁབ་གཞན་ནང་བཟུམ་སྦེ་ ཤིང་གི་ཁུ་བ་བཙག་པའི་ཆང་ངར་བཏོན་སྲོལ་མེདཔ་ཨིན།

འཐོན་སྐྱེད་སྤུས་ཚད་སྣ་ཚོགས།
ཨ་རག་བཟོ་མི་ཚུ་གི་བློ་འདོད་དང་ བར་སྐབས་རེ་ ལུང་པའི་སྲོལ་དང་འཁྲིལ་ཏེ་ཨ་རག་གི་སྤུས་ཚད་ཡང་ འདྲ་མིན་སྣ་ཚོགས་སྦེ་ཐོན་སྲོལ་ཡོདཔ་ཨིན། ཨ་རག་གི་སྤུས་ཚད་ལུ་དཔྱད་པ་ཅིན་ ཨ་རག་ངར་དྲགས། ཨ་རག་འཇམ་སུ། ངར་འཇམ་གྱི་སྤུས་ཚད་ག་དེ་སྦེ་ཨིན་རུང་ ཙནྡན་དམརམོ་བླུགས་མི་ཨ་རག་དང་ དེ་ལས་ ཨོམ་བླུགས་པའི་ཨ་རག་ཟེར་ གཡུས་ལུགས་ཀྱི་འཐོན་སྐྱེད་སོ་སོ་འབད་ཡོདཔ་ཨིན།

- ཨ་རག་ངར་དྲགས་འདི་ ཨ་རག་བཟོ་བའི་སྐབས་ཁ་ཟངས་ཀྱི་ཆུ་ཐེངས་ གསུམ་དང་བཞི་གང་རུང་སྦེ་སོར་སྟེ་ ཨ་རག་བཏོན་ཡི་ར་ མ་ཟངས་ནང་གི་ཆང་གི་ཨམ་ཡང་སོར་ཏེ་ ཆུ་ཐེངས་ཉུང་མཐའ་གི་སྒོ་ལས་བཏོན་པ་ཅིན་ སྤུས་ཚད་ངར་དྲགས་སྦེ་ མཚན་རིག་ཐོག་ལུ་བཟི་ཚད་ volume% གུར་ཕབས་པ་ཅིན་ ཧ་ལམ་ ༣༥ དང་ ༤༠ གི་བར་ན་ཐོནམ་ཨིན།

- ཨ་རག་འཇམ་སུ་འཚམས་འདི་ གོང་གསལ་ཁ་ཟངས་ཀྱི་ཆུ་ཐེངས་ ༥ དང་ ༦ སྦེ་ བཏོན་མི་ཨ་རག་བཟུམ་ཨིནམ་དང་ སྤུས་ཚད་ངར་དྲགས་ཀྱི་བཟི་ཚད་ཡང་ volume% ༡༥ དང་ ༢༥ གི་བར་ན་ཐོནམ་ཨིན།

- ཙནྡན་དམརམོ་བླུགས་མི་ཨ་རག་འདི་ ངར་འཇམ་གྱི་སྤུས་ཚད་ག་དེ་སྦེ་ཨིན་རུང་ བལྟཝ་ད་ཙནྡན་དམརཔོ་གི་མདོག་སྦེ་མཐོངམ་ཨིནམ་དང་ ཨ་རག་དེ་ རྡིག་ཤོས་ཅིག་སྦེ་བརྩིཝ་ཨིན། བཟོ་ཐངས་ཡང་ ནང་རྫ་མ་ཟངས་ནང་བཙུགས་པའི་སྐབས་ ཙནྡན་དམརཔོ་ཤིང་གི་གཟེར་ཆུང་ཅིག་བླུགས་ཏེ་ དེ་ནང་ ཨ་རག་བཏོན་པའི་སྐབས་ དྲོད་ཀྱིས་ཙནྡན་གྱི་བཀྱག་རང་བཞིན་གྱིས་ཐོནམ་ཨིན། འཐོན་སྐྱེད་འདི་ གཡུས་ཚན་མང་ཤོས་ཅིག་གིས་ལག་ལེན་འཐབ་སྲོལ་ཡོདཔ་ཨིན།

- ཨོམ་བླུགས་པའི་ཨ་རག་འདི་ཡང་ ངར་འཇམ་གྱི་སྤུས་ཚད་ལུ་མ་བལྟ་བར་ ཨ་ར་བཟོ་བའི་སྐབས་ ནང་རྫ་ནང་ཙནྡན་དམརཔོ་གི་གཟེར་བླུགས་དོ་བཟུམ་སྦེ་ ནོར་གྱི་ནོར་དུམ་གྲ་ཅིག་བླུགས་ཏེ་བཟོ་མི་འདི་ ཤར་ཕྱོགས་དུང་སམ་རྡོ་གསུམ་གྱི་ དམིགས་བསལ་གྱི་གཡུས་ལུགས་ཅིག་ཨིན་མས།

- ཉ་བླུགས་པའི་ཨ་རག་འདི་ཡང་ དམིགས་བསལ་འབད་ ཤར་ཕྱོགས་དུང་སམ་རྡོ་གསུམ་གྱི་གཡུས་ཚན་ཚུ་གི་ནང་ལས་ མི་ཀུ་རིའི་གཡུས་ཚན་གྱི་ཨ་རག་བཟོ་ཐངས་ཐུན་མོང་མ་ཡིན་པ་ཅིག་ཨིན་མས། འདི་ཡང་ ཨ་ར་བཟོ་བའི་སྐབས་ ནང་རྫ་ནང་ལུ་ཉ་གློགཔོ་ཚུ་ཤུབས་ཏེ་ ནང་གི་སྒྱུ་མ་ནང་ཁྲོལ་ཚུ་བཏོན་གཏང་། གཙང་སྦྲག་དང་ལྡནམ་སྦེ་ཆུ་འཁྱུ་སྟེ་ ནང་རྫ་ནང་བླུགས་ཏེ་ཨ་རག་བཏོནམ་ཨིན་མས། ཨ་རག་ཆུ་ཐེངས་རང་གི་བློ་འདོད་དང་འཁྲིལ་སོར་ཏེ་ རིམ་གྱིས་ནང་རྫའི་ཨ་རག་བཏོན་པའི་སྐབས་ ཉ་དེ་ལེགས་ཤོམ་སྦེ་འཚོགས་དོ་ཡོདཔ་དང་ དེ་ལས་ ཉའི་རྩང་ཚུ་བཏོན་བཀོ་གཏང་བའི་ཤུལ་ལུ་ ཨ་རག་དེ་ཇ་ཕྲུག་ལག་ལེན་འཐབ་ཏེ་ ཉ་ཤ་དེ་ཨ་རག་དང་མཉམ་གཅིག་ལེགས་ཤོམ་སྦེ་རྡུར་ཏེ་བཟོ་མི་འདི་ ཨ་རག་རྡིག་རྡིགམ་ཅིག་སྦེ་བརྩི་འཇོག་འབདཝ་ཨིན་མས།
དོན་དག།
ས་ཡི་སྙིང་པོ་སེར་ལ་བསྡུས། །ཆུ་ཡི་སྙིང་པོ་ཚྭ་ལ་བསྡུས། །འབྲུ་ཡི་སྙིང་པོ་ཆང་ལ་བསྡུས། །ཞོ་ཡི་སྙིང་པོ་མར་ལ་བསྡུས། །སྲོག་གི་སྙིང་པོ་ཎྲི་ལ་བསྡུས། །ཟེར་ མདོ་མངས་ནང་ལས་འཐོན་དོ་བཟུམ་སྦེ་ འབྲུའི་སྙིང་པོ་ཆང་གི་རིགས་ལས་ ཨ་རག་འདི་མི་གཙང་བ་ལ་སོགས་པ་ཚུ་མེད་པར་སྤུས་དག་པའི་ཆང་ཅིག་ཨིན། འདི་ཡང་ ཆང་གི་ཨམ་བསྐོལ་ཏེ་དེའི་རླངམ་ལས་བབས་པའི་ཆུ་ ཨ་རག་ལུ་འགྱུར་མི་ཅིག་འབདཝ་ལས་བརྟེན་ཏེ་ཨིན། དེ་འབདཝ་ལས་ ཨ་རག་འདི་ ཡུལ་གོང་མ་ལྷ་ཆོས་སྐྱོང་སྲུང་མ་ཚུ་ མཆོད་པའི་རྫས་རྩ་ཆེ་ཤོས་ཅིག་སྦེ་ཆ་བཞགཔ་མ་ཚད་ འཇིག་རྟེན་ཕལ་པའི་མི་ དྲག་ཞན་བར་གསུམ་ཚུ་ལུ་ཡང་ རྟེན་འབྲེལ་གྱི་རྟགས་སུ་དྲངས་པའི་ འཐུང་བྱའི་བྱེ་བྲག་གལ་ཆེ་ཤོས་ཅིག་ཨིན། སྐྱབས་དང་སྡོང་གྲོགས་མཛད་པའི་བདག་ཉིད་ཚུ་ལུ་ མཆོད་རྫས་ཚོགས་རྫོགས་ཀྱི་དོན་ལུ་ ལག་ལེན་འཐབ་སྲོལ་གཤམ་འཁོད་ལྟར་ཨིན།

༡་ གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཟེར་ སྡེ་བརྒྱད་གསེར་སྐྱེམས་ནང་ལས་ཐོན་དོ་བཟུམ་སྦེ་ རླངམ་བཞུ་བའི་ཨ་རག་གཙང་མ་འདི་ དཀོན་མཆོག་དང་སྲུང་མ། དེ་ལས་ ཡུལ་ལྷ་གཞི་བདག་ཚུ་ལུ་ སྔ་མ་ལེགས་པའི་གཏང་རག་དང་ ཕྱི་མའི་སྡོང་གྲོགས་ཀྱི་གསོལ་འདེབས་ཞུ་བའི་སྐབས་ལུ་ མེད་ཐབས་མེད་པའི་མཆོད་རྫས་ཅིག་འབདཝ་ལས་ སྒྲུབ་པ་སྒྲུབ་ཆེན། ཆོ་ག རིམ་གྲོ། ལྷ་གསོལ་བོན་གསོལ་ཚུ་གི་སྐབས་སུ་ རིས་མེདཔ་སྦེ་ཕུལ་བའི་ཕུད་ཀྱི་མཆོད་པའི་གྲས་ལས་ དག་ཤོས་ཅིག་དང་གཙང་ཤོས་ཅིག་སྦེ་བརྩིཝ་ཨིན། གསེར་སྐྱེམས་འདི་ལས་རྟ་དྲངས་ཏེ་ ཨ་རག་ལུ་ཀུར་སྟོད་ཀྱི་གཡུས་མི་ལ་ལུ་ཅིག་གིས་ སྐྱེམས་ཟེར་ཡང་ ཞེ་སའི་མིང་གནས་སྦེ་ལག་ལེན་འཐབ་སྲོལ་ཡོདཔ་ཨིན།

༢་ བདུད་རྩི་ཟེར་བའི་མིང་གནས་འདི་ཡང་ སཾསྐྲྀཏའི་སྐད་ནང་ ཨཾམྲྀཏ་འདི་ བོད་སྐད་ནང་སྒྱུར་བའི་སྐབས་ལུ་ བདུད་རྩི་ལུ་གོཝ་ལས་ འདི་དོན་དག་ངོ་མ་འདི་ བཀའ་འགྱུར་ ཐམས་ཅད་བདུད་རྩི་ལྔའི་རང་བཞིན་གྱི་དཔེ་ཆ་ནང་ལས་ “འདི་སྐད་བསྟན་པའི་དུས་གཅིག་ན། །སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ཡེ་ནས་རྫོགས་སངས་རྒྱས། །ཀུན་ཏུ་བཟང་པོའི་ཐུགས་དཀྱིལ་ནས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །”ཟེར་ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྙིང་པོ་ལུ་ བདུད་རྩི་ཟེར་གོཝ་ཨིན་རུང་ མཚོན་བྱེད་དཔེའི་སྒོ་ལས་འབད་ ཆོས་ཕྱོགས་མཛད་སྒོའི་སྐབས་སུ་ འབྲུའི་སྙིང་པོ་བསྡུས་པའི་བཅུད་ ཨ་རག་འདི་ ཐོད་གཟུགས་ནང་བཀང་སྟེ་ མཆོད་པའི་གྲས་ཁར་རཀྟ་དང་ བདུད་རྩི་གཉིས་སྦེ་སྒྲིག་སྲོལ་ཡོདཔ་ཨིན། དེ་ལུ་ བདུད་རྩི་རྐྱངམ་གཅིག་མེན་པར་ འཆི་མེད་ཚེའི་བདུད་རྩི་ཟེར་ཡང་ཞུཝ་ཨིན།

༣་ མར་ཆང་འདི་འབྲུག་རྒྱལ་ཁབ་ཀྱི་ རྟེན་འབྲེལ་མཛད་སྒོའི་བྱ་རིམ་ནང་ བསུ་བ་གསེར་སྦྲེང་དང་ བཞུགས་གྲས་ཕུན་སུམ་ཚོགས་པའི་སྐབས་ལུ་ རྟེན་འབྲེལ་གྱི་རིམ་པ་སྒྲིག་སྲོལ་ཡོད་པའི་གྲས་ལས་ ཡོངས་གྲགས་ཅན་གྱི་ལས་རིམ་ཅིག་ཨིན་རུང་ ཨ་རག་འདི་སྐབས་སུ་བབས་པ་ ལོ་མཆོད་དང་ཆོ་གའི་སྐབས་ལུ་ བསུ་བ་གསེར་སྦྲེང་དང་ བཞུགས་གྲལ་གྱི་མར་ཆང་བཟུམ་སྦེ་མེན་པར་ མདོར་བསྡུས་སུ་སྦེ་ མཆོད་པའི་ཏིང་དང་ཡང་ཅིན་ པ་ལང་ནང་སྦེ་མར་གི་ཡར་སྒྲོན་བཀལ་ཏེ་ སྒོ་བའི་མགྲོན་བཞི་ལུ་ཚོགས་རྫོགས་དང་ དངོས་གྲུབ་ཞུ་བའི་ཚུལ་ལུ་ཕུལ་སྲོལ་ཡང་ཡོདཔ་ཨིན།

༤་ ཚེ་ཆང་འདི་ གོང་གསལ་བདུད་རྩི་དང་མ་འདྲཝ་མེད་རུང་ གཙོ་བོ་ཚེ་དཔག་མེད་ཁྲོ་བོའི་སྒྲུབ་པ་སྒྲུབ་ཆེན་སྐབས་སུ་ ཐོད་གཟུགས་དང་ཨ་རག་བཀང་སྟེ་ དཀྱིལ་འཁོར་གྱི་རྟེན་སྦེ་བཙུགས་མི་འདི་ དངོས་གྲུབ་སླང་དབང་སྐབས་དང་ གཞན་ཡང་ ཚེ་དབང་ཞུ་བའི་སྐབས་སུ་ དབང་ཞུ་མི་དད་ལྡན་དམང་ལུ་ དྲངས་སྲོལ་ཡོད་མི་འདི་ཨིན།

༥་ ཚོགས་ཆང་འདི་ཡང་ གཙོ་བོ་སྤག་ཚོགས་བསྣད་པའི་སྐབས་ལུ་བླུགས་མི་དང་ དེ་ལས་ ཆོ་ག་དང་རིམ་གྲོ། དེ་ལས་ སྒྲུབ་པ་སྒྲུབ་ཆེན་གྱི་སྐབས་ལུ་ ཚོགས་རྫས་ཀྱི་མཆོད་པ་ཕུལ་བའི་བདུད་རྩི་སྦེ་ ལག་ལེན་འཐབ་པའི་ཆང་ལུ་གོཝ་ཨིནམ་དང་ ཚོགས་ཕུལ་ཚར་ཞིནམ་ལས་ ཆོ་ག་གནང་མི་དང་གྲལ་གཏོགས་འབད་མི་ཆ་མཉམ་ལུ་ ཚོགས་ཆང་ཟེར་དྲངས་སྲོལ་ཡོད་མི་ལུ་གོཝ་ཨིན།

༦་ གཡང་ཆང་འདི་ ལོ་མཆོད་ཀྱི་སྐབས་སུ་ ཕྱྭ་གཡང་གི་རྫས་སྦེ་སྒྲིག་སྲོལ་ཡོདཔ་མ་ཚད་ རྩ་བོ་ནང་གི་ཨཔ་དང་ཨམ་གང་རུང་ལུ་ བཞུགས་གདན་དང་ཅོག་ཙེ་སྒྲིག་སྟེ་ ཚེ་དར་བཟུང་སྟེ་སྡོད་པའི་གདོང་ཁར་ གཡང་ཆང་དང་དེ་དང་གཅིག་ཁར་ ཚོགས་དྲངས་ཏེ་ཆོ་གའི་ཚིག་དང་འཁྲིལ་ཏེ་ རྩ་བོ་ལུ་དྲངས་སྲོལ་ཡོད་མི་དང་ དེ་ལས་ གཡང་གི་ཆོ་ག་གྲོལ་མ་གྲོལ་མཚམས་ལུ་ ཆོསཔ་དང་བཟའ་ཚང་དམང་ལུ་དྲངས་སྲོལ་ཡོད་མི་ལུ་ གཡང་ཆང་ཟེར་སླབ་ཨིན།

༧་ བཀྲིས་ཆང་ཟེར་མི་འདི་ ཆོས་ཕྱོགས་རིམ་གྲོ་དང་ཆོ་ག་ཚུ་གྲོལ་བའི་སྐབས་ལུ་ བསམ་པའི་བྱ་བ་དང་དོན་དག་ཚུ་ བགེགས་མེད་ཚུལ་བཞིན་དུ་འགྲུབ་པའི་རྟགས་སུ་ རྟེན་འབྲེལ་བཟང་པོའི་ཆ་རྐྱེན་སྦེ་དྲངས་སྲོལ་ཡོདཔ་ཨིནམ་དང་ དེ་ལུ་ ཤར་ཕྱོགསཔ་ཚུ་གིས་བསྔོ་ཆང་ཟེར་ཡང་ཞུཝ་ཨིན་མས།

གོང་གསལ་ཆོས་ཕྱོགས་ཀྱི་མཛད་སྒོ་ཚུ་དང་འབྲེལ་བའི་ ཨ་རག་གམ་སྐྱེམས་སྤྱོད་ལུགས་ སོ་སོ་འབད་ཡོད་དོ་བཟུམ་སྦེ་ འཇིག་རྟེན་གཡུས་ལུགས་ནང་ལུ་ཡང་ རྟེན་འབྲེལ་མཛད་སྒོ་ལས་རྟ་དྲངས་ཏེ་ ཨ་རག་སྤྱོད་སྲོལ་མ་འདྲཝ་འབད་ཡོན་མི་ཚུ་ཡང་
བསུ་ཆང་གི་དགོས་དོན་འདི་ གོང་གསལ་ བསུ་བ་གསེར་སྦྲེང་དང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྐབས་དང་མ་འདྲཝ་མེད་རུང་ ཕྱི་ལས་བྱོན་མི་སྐུ་མགྲོན་གྱི་རིགས་དང་ ཡང་ཅིན་ ནང་མི་བཟའ་ཚང་འཐུས་མི། སྤུན་ཆ། གཉེན་ཉེཝ་འཆམ་ཤོས་ཚུ་ ལོ་དག་པ་ཅིག་གི་རྒྱབ་ལས་གཡུས་ཁར་ལོག་པའི་སྐབས་ རྩ་བོ། ཕམ། སྤུན་ཆ། གཡུས་མི་འཆམ་མཐུནམ་ཚུ་གི་ཁ་ཐུག་ལས་ལྷག་བསམ་རྣམ་དག་གི་སྒོ་ལས་ གདོང་བསུ་འབད་བའི་མཚོན་བྱེད་ལུ་ གཡུས་ཁ་ལུ་མ་ལྷོདཔ་འཚམས་ལུ་ དང་ཕུ་ལས་ངོས་འཛིན་འབད་དེ་ཡོད་པའི་ས་སྒོ་ནང་ བཞུགས་གྲལ་ཤོ་སྒྲིག་བཞག་པའི་ནང་ཕེབས་པའི་སྐབས་ ཞལ་སྐོམ་སངས་ནིའི་དོན་ལུ་ ཨ་རག་ཆབ་ཆུ་དྲངས་མི་ལུ་གོཝ་ཨིན། བར་སྐབས་རེ་ (སེངྒེ་རྣམ་རྒྱལ། ༡༩༩༨ ཤོག་གྲངས་ ༥༩) བསུ་ཆང་དེ་ལུ་ ལ་ལུ་གིས་གདོང་ཆང་ཟེར་ཡང་སླབ་སྲོལ་ཡོད། ཟེར་བཀོད་དེ་འདུག།

༡་ ཕེབས་ཆང་འདི་ཡང་ མགྱོནམ་ཚུ་བཞུགས་སའི་ས་སྒོ་ངོ་མ་ནང་ཞབས་ཕེབས་ཞིནམ་ལས་ སྐུ་ངལ་གནང་སྐབས་ ནང་མི་གཙོ་ཅན་གྱིས་ བསིལ་ཏོང་ཏོ་འོང་ནི་དང་ ཐུགས་བག་ཕེབས་ཏོག་ཏོ་འོང་ནིའི་དོན་ལུ་ དྲངས་མི་ལུ་སླབ་ཨིན།

༢་ ཚོགས་ཆང་དང་ བར་སྐབས་རེ་ (སེངྒེ་རྣམ་རྒྱལ། ༡༩༩༨ ཤོག་གྲངས་ ༧༢) མགྱོན་བྱོན་པའམ་ ཡང་ཅིན་ ཕེབས་པའི་དགའ་ཚོར་མཚོན་ཐབས་ལུ་ དེ་སྐུ་མདུན་ལུ་ཕུལ་ཆབས་ཆུ་ཕུལ་མི་ལུ་ མདུན་ཆང་ ཟེར་ཡང་སླབ་ཨིན། ཚོགས་ཆང་དེ་ གཡུས་མི་དམང་གི་ཁ་ཐུག་ལས་ སྐུ་མགྲོན་ལུ་རྩ་བོའི་ཁྱིམ་ནང་ཨིན་རུང་ ཡང་ཅིན་ ཞལ་འཛོམས་དང་མཇལ་ཁ་ག་ཏེ་གནང་ནི་ཨིན་ནའི་ས་སྒོ་ནང་ལུ་ ཞལ་སྐྱེམས་ཨ་རག་པ་ལང་ནང་འདེགས། དེ་དང་མཉམ་གཅིག་ གཡུས་ཁའི་འཐོན་སྐྱེད་སྣ་ཚོགས་ཚུ་ སྦང་ཅུང་ནང་འདེགས་ཏེ་ སྐུ་མགྲོན་གྱི་གདོང་ཁར་སྤུངས་ཏེ་ཕུལ་མི་ལུ་ ཚོགས་ཆང་ཟེར་སླབ་ཨིན།

༣་ ལྟོ་ཆང་འདི་ མགྱོནམ་ཚུ་ལུ་བཞེས་སྒོ་དྲངས་པའི་སྐབས་ བཞེས་སྒོ་དང་མཉམ་གཅིག་དྲངས་མི་ལུ་སླབ་ཨིན།

༤་ གཤལ་ཆང་འདི་ཡང་ བཞེས་སྒོ་བཞེས་ཚར་ཞིནམ་ལས་ ཁ་ནང་གི་བཞེས་སྒོ་ལྷ་ལུས་ཚུ་དང་ ལྐོལམ་ནང་གི་ལྟོ་ཚུ་གཤལ་གཏང་ནིའི་དོན་ལུ་ དྲངས་སྲོལ་ཡོད་མི་ལུ་གོཝ་ཨིན།

༥་ གཟིམ་ཆང་འདི་ མགྱོནམ་ཚུ་ཉིན་མའི་ཕྱག་ལཱ་ཚུ་མཇུག་བསྡུ་སྟེ་ ཕྱི་རུ་མནལ་གཟིམ་པའི་སྐབས་ ལེགས་ཤོམ་སྦེ་གཟིམ་ནིའི་དོན་ལུ་དང་ སྐུ་ངལ་སངས་ནིའི་དོན་ལུ་ མ་ཉལ་བའི་ཧེ་མ་དྲངས་མི་ལུ་སླབ་ཨིན།

༦་ བཞེངས་ཆང་འདི་ཡང་ དྲོ་པ་མལ་ཆ་ནང་ལས་བཞེངས་པའི་སྐབས་ལུ་ ཁམས་དྭངས་ནི་དང་ དེ་མ་ཚད་ ཆང་གི་འགྱེམ་སངས་ནིའི་དོན་ལུ་ དྲངས་སྲོལ་ཡོད་མི་ལུ་སླབ་ཨིན།

༧་ བསྐྱེལ་ཆང་ཟེར་མི་འདི་ གོང་གསལ་སྐུ་མགྲོན་དང་ ནང་མི་བཟའ་ཚང་འཐུས་མི། སྤུན་ཆ། གཉེན་ཉེཝ་འཆམ་ཤོས་ཚུ་ ལོ་དག་པ་ཅིག་གི་རྒྱབ་ལས་གཡུས་ཁར་འོང་ཞིནམ་ལས་ དོ་རུང་ ཁ་འབྱལ་བའི་སྐབས་ བསུ་ཆང་དྲངས་སའི་ས་སྒོ་ཚུན་ རྩ་བོ། ཕམ། སྤུན་ཆ། གཡུས་མི་འཆམ་མཐུནམ་ག་ར་ མཉམ་གཅིག་སོང་སྟེ་སེམས་ཕངས་པའི་སྒོ་ལས་ ཞབས་བསྐྱེལ་འབད་བའི་སྐབས་ ཨ་རག་དྲངས་མི་ལུ་སླབ་ཨིན།

༨་ ལམ་ཆང་ཟེར་མི་འདི་ (སེངྒེ་རྣམ་རྒྱལ། ༡༩༩༨ ཤོག་གྲངས་ ༧༥) སྡོད་གནས་ལས་ ས་ཕྱོགས་གཞན་ཁར་འགྱོ་བའི་སྐབས་ལུ་ ལམ་བར་ན་འུ་སྡུག ཐང་ཆད། སྐོམ་པའི་སྨུག་འཚིག་ལང་པའི་སྐབས་སུ་ འཐུང་ནིའི་དོན་ལུ་སྐྱེལ་་མིའི་ཆང་དེ་ལུ་ ལམ་ཆང་ཟེར་སླབ་ཨིན།

དེ་དང་འདྲཝ་སྦེ་ ཨ་རག་སྐྱེམས་ཀྱི་མིང་གཞན་ཡང་ གཡུས་གོ་རང་སོའི་མི་ཚེ་འཚོ་བའི་གནས་སྟངས་དང་ དུས་ཚོད་གནས་སྐབས་ཚུ་དང་འཁྲིལ་ཏེ་ རྟེན་འབྲེལ་ལེགས་པའི་བརྡ་མཚོན་ལུ་དྲངས་པའི་ ལེགས་ཆང་། ལཱ་དང་བྱ་བ་འགོ་བཙུགས་པའི་སྐབས་ལུ་ བཙུགས་ཆང་། དུས་རྣམ་པ་ཀུན་ཏུ་མ་འགྱུར་བར་ལེགས་ཤོམ་སྦེ་གནས་ནིའི་དོན་ལུ་ རྟག་ཆང་། ཆེད་དུ་མངགས་ཏེ་ལྷ་གསོལ་དང་ ཆོས་སྲུང་། དེ་ལས་ ཕོ་ལྷ་ཡུལ་ལྷའི་གསོལ་མཆོད་ཀྱི་དོན་ལུ་བཟོ་བའི་ ལྷ་ཆང་ཟེར་བའི་ གཡུས་ལུགས་ཀྱི་ཐ་སྙད་ཚུ་ཡང་ཡོདཔ་མཁྱེན་དགོ།

ཨ་རག་བདུད་རྩི་འདི་ དུས་དང་ཕུ་ལས་ ཁབ་ནང་ལུ་ཆོས་ཕྱོགས་དང་འཇིག་རྟེན་སྲིད་འབྲེལ་གྱི་མཛད་སྒོ་ག་ཅི་བཟུམ་ཨིན་རུང་ མེད་ཐབས་མེད་པའི་རྟེན་འབྲེལ་གྱི་ཟས་ཅིག་སྦེ་བརྩིཝ་ལས་བརྟེན་ བཞེས་སྒོ་འཐུང་ནིའི་གྲས་ཁར་ ཨ་རག་སྐྱེམས་འདི་རང་བཞིན་གྱིས་ཚུད་དེ་འོངམ་ཨིན། ཨིན་རུང་ ཆོས་འབྲེལ་རིམ་གྲོ་ ཀླུ་མཆོད་ཚུ་ནང་ལུ་ཨིན་པ་ཅིན་ ཨ་རག་མ་ཚད་ ཆང་གི་རིགས་ག་ཅི་ར་ཨིན་རུང་ སྤྱོད་སྲོལ་མེད་པའི་ཁར་ དེའི་དྲིམ་ར་རེག་བཅུག་ནི་མི་འོང་། ཨ་རག་འདི་ གནམ་གཤིས་བསིལ་དྲོད་ཀྱི་ཁྱད་པར་ག་ནི་ཡང་མེད་པར་ མགྱོནམ་དང་ནང་མི་བཟའ་ཚང་འཐུས་མི་ཚུ་ལུ་དྲངས་ནི་ཡོདཔ་ཨིན། དེ་སྦ་དྲངས་ནི་འདི་ གཙོ་བོ་བདུད་རྩི་སྨན་སྦེ་བརྩི་མཐོང་སྐྱེད་དེ་ཨིནམ་དང་ དེ་གིས་ ལུས་སེམས་སྡུགཔ་ཅིན་སངས་ནི། ཚདཔ་འཚིག་པ་ཅིན་བསིལ་ཏོང་ཏོ་འོང་ནི། གྱང་པ་ཅིན་དྲོད་བཏགས་ནི། གཉིད་མ་ལོག་པ་ཅིན་གཉིད་ཐལ་བཅུག་ནི་དང་ ནང་པའི་གསོ་བ་རིག་པ་ནང་ལས་ཡང་ ཆང་ལུས་ཀྱི་རྩི་སྦེ་བརྩི་ནི་དེ་གིས་ ཆོས་སྲིད་ཀྱི་མགྱོནམ་ཆེ་འབྲིང་ཆུང་གསུམ་ག་ར་ལུ་དྲངས་སྲོལ་ཡོདཔ་ཨིན་རུང་ ལོངས་སྤྱོད་དྲག་པ་ཅིན་ དེའི་ཉེས་པ་ཡང་ ཆོས་དང་གསོ་བ་གཉིས་ཆ་རའི་ཁ་ཐུག་ལས་ རང་དང་གཞན་གཉིས་ཆ་ར་ལུ་ མ་རུངམ་སྦེ་གསུངས་ཏེ་ཡོདཔ་ཨིན།
དེ་མ་ཚད་ ཨ་རག་ཆབ་ཆུ་འདི་ཆོས་ཕྱོགས་དང་སྲིད་འབྲེལ་གྱི་མཛད་སྒོ་མང་ཤོས་ཅིག་དང་ དེ་མ་ཚད་ འཇིག་རྟེན་ཕལ་པའི་དུས་སྟོན་བརྩི་སྲུང་དཔེར་ན་ གཉེན་གྱི་རྟེན་འབྲེལ། ཨ་ལུའི་སྐྱེས་སྟོན། རྩེད་འགྲན། སོ་ནམ་གྱི་ལཱ་སྒོ། དེ་ལས་ རོ་བསྡུའི་སྐབས་ལུ་ཡང་ལག་ལེན་འཐབ་སྲོལ་ཡོདཔ་ཨིན། དེ་འབདཝ་ལས་ སྐྱེམས་དང་འབྲེལ་བའི་འཇིག་རྟེན་པའི་ངག་རྒྱུན་དང་ གླུ་གཞས་ཚུ་ཡོད་པའི་གུར་ ཁ་གཏམ་དཔེ་གཏམ། གཙང་མོ། བློ་ཟེ། དེ་ལས་ སྲུང་ཚུ་ཡང་ཡོདཔ་ཨིན།
རྒྱུན་སྤེལ་ཐབས་རིག།
ཐབ་ཆས།
ཨ་རག་བཀོལ་ནིའི་དོན་ལུ་ ཐབ་ཆས་ལག་ལེན་འཐབ་སྲོལ་ཡོད་མི་ཚུ་ཡང་ གཞན་མི་རྒྱལ་ཁབ་ཚུ་དང་ཧ་ལམ་འདྲ་སུ་འཚམས་ཡོདཔ་ཨིན་རུང་ མ་འདྲཝ་འདི་ ཆང་གི་རླུངམ་འཁོལ་ཏེ་རླངམ་གི་ཆུ་གསག་ནིའི་ཧོད་ ནང་རྫ་བཙུགས་མི་འདི་རྐྱངམ་གཅིག་ཨིན་མས། རྒྱལ་ཁབ་ནང་ལུ་ཨིན་པ་ཅིན་ ཐབ་ཆས་ཚུ་ག་ར་ཅོག་གཅིགཔ་སྦེ་ལག་ལེན་འཐབ་ཨིནམ་ལས་ རེ་རེའི་བཤད་པ་གཤམ་ལས་མཁྱེན་ཚུགས།

- མ་ཟངས་འདི་ ཐབ་ཁར་བཀལ་ཏེ་ དེ་ནང་ལུ་ཆང་གི་རླུངམ་བླུགས། འཁོལ་བཅུག་སྟེ་ཆང་གི་རླངམ་བཏོན་ནིའི་ཧོད་ རྒྱུ་ངོ་མ་ཟངས་དམར་དང་ཟངས་སེར་གང་རུང་ལས་བརྡུངས་བརྡུངསམ་ཅིག་དང་ བཟོ་རྣམ་ཡང་ཐད་སྒྱིར་སྒྱིར་རྒྱ་ཚད་འབད་བ་ཅིན་ མཐོ་ཕྱེད་དང་དོ་དང་དོ་འབད་ཡང་འོངམ་ཨིནམ་དང་ དེའི་གཤའམ་འདི་འབུར་འབུར་འབད་ཡོདཔ། ཟངས་ཀྱི་ཁ་འདི་ ཁྲོ་གི་ཁ་བཟུམ་སྦེ་འོངམ་ཨིན། ཨིན་རུང་ ལ་ལུ་ཅིག་གིས་ རྒྱུ་ཀ་ལ་ལས་བཟོ་བའི་ རྡིག་ཚུ་ཡང་ལག་ལེན་འཐབ་སྲོལ་ཡོདཔ་ལས་ ཧོད་འདི་གཙོ་བོ་ཅིག་འབདཝ་ལས་ མ་ཟངས་ཟེར་སླབ་ཨིན།

- རྐང་གསུམ་འདི་ མ་ཟངས་ནང་ ཆང་གི་རླུངམ་དང་ཆུ་གཉིས་སླ་བསྲེ་རྐྱབ་སྟེ་བླུགས་ཞིནམ་ལས་ དེ་གི་ནང་ལུ་ བཙུགས་པའི་ཧོད་བཞག་ནིའི་དོན་ལུ་སྒྲིག་པའི་ཅ་ཆས་ཅིག་ཨིན། རྐང་གསུམ་འདི་ རང་སོའི་རིག་པ་དང་འཁྲིལ་ཏེ་ སྤྱོད་སྲོལ་མ་འདྲཝ་འབད་ཡོདཔ་དང་ འདི་ཡང་ ལ་ལུ་གིས་ ཤིང་གསུམ་མ་ཟངས་ནང་གི་ཆང་གི་གླུངམ་ནང་ལུ་ ཕར་ཚུར་གྲུ་གསུམ་སྦེ་ལྷག་སྟེ་ནང་རྫ་སྦངམ་གྱི་ཁ་ལུ་ བཀལ་བཞག་བཏུབ་སྦེ་འཇམ་སངམ་སྦེ་བཟོ་ནི་ཅིག་དང་ ལ་ལུ་གིས་ རྫམ་དང་བསྟུན་པའི་ལྕགས་དང་ཡང་ཅིན་ཚར་གྱི་འཁོར་ལོ་སྒྲིག་སྟེ་ དེའི་ཟུར་གསུམ་ལུ་ ལྕགས་ཐག་བཏགས་པའི་མཇུག་ཨ་ལོང་སྦེ་བཟོ་མི་འདི་ མ་ཟངས་ཀྱི་ཁ་ལུ་བཟུང་བཏུབ་སྦེ་བཟོ་སྲོལ་ཡང་ཡོདཔ་ཨིན། དེ་ལས་ འཇམ་ཤོ་ར་ རྒྱུ་ལྕགས་ལས་ རྐང་གསུམ་ཐབ་བཟུམ་སྦེ་བཟོ་མི་འདི་ མ་ཟངས་ནང་བཙུགས་མི་ལུ་གོཝ་ཨིན།

- ནང་ཟངས་དང་ནང་རྫ་གང་རུང་སྦེ་སླབ་མི་འདི་ མ་ཟངས་ནང་ཆང་གི་སྦངམ་དེ་འཁོལ་བའི་སྐབས་ དེ་ལས་ཐོན་པའི་རླངམ་ཚུ་ཁ་ཟངས་ཀྱི་གཤམ་ལུ་ཆགས་ཏེ་ ཆུའི་ཐིག་པ་ལུ་འགྱུར་མི་ཚུ་བཟེད་ནིའི་དོན་ལུ་ གོང་གསལ་རྐང་གསུམ་གྱི་ཐོག་ཁར་བཀལ་མི་ ནང་ཟངས་ཆུང་ཀུ་ལུ་གོཝ་ཨིནམ་དང་ དེ་ལུ་ ནང་རྫ་ཟེར་ཡང་སླབ་རུང་མ་བཏུབ་མེདཔ་ཨིན། འདི་ཡང་ མ་ཟངས་ཀྱི་ནང་ལུ་བཙུགས་པའི་རྒྱུ་ཟངས་ལས་མེན་པར་ ཀ་ལ་རྫམ་ཅུང་དང་ཁྲོ་ཅུང་། དེ་ལས་ རྡིག་ཚུ་ཡང་ལག་ལེན་འཐབ་སྲོལ་ཡོདཔ་ལས་ སྤྱི་མིང་བཏགས་ཐོག་ ནང་རྫ་ཟེར་ཡང་སླབ་ཨིན།

- ཁ་ཟངས་འདི་ མ་ཟངས་ཀྱི་ཐོག་ཁར་ ཆུ་ཁོདམ་བླུགས་ཏེ་ ནང་གི་རླངམ་ཚུ་ཆུའི་ཐིག་པ་ལུ་འགྱུར་བཅུག་མི་ ཧོད་མེད་ཐབས་མེདཔ་ཅིག་ཨིན། རྒྱུ་ངོ་མ་ཟངས་དམར་དང་སེར་གང་རུང་ལས་བཟོ་སྲོལ་ཡོདཔ་དང་ བཟོ་རྣམ་ཨིན་པ་ཅིན་ ཁྲོ་ཟངས་དང་ཅོག་ཐདཔ་སྦེ་འོངམ་ཨིན། ཨིན་རུང་ལ་ལུ་གིས་ དེ་བཟུམ་སྦེ་ཟངས་ཀྱི་རྒྱུ་ཆས་བསྒྲུབས་མ་ཚུགས་མི་ཚུ་གིས་ ཀ་ལ་གི་ཟངས་གཞོང་ཚུ་ཡང་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན།

- ཆུ་རས་ཟེར་མི་འདི་ རས་སྐེད་རགས་བཟུམ་སྦེ་ རིང་ཐུང་འདོམས་ཕྱེད་དང་གང་དང་དོ་གང་རུང་ ཆུ་ནང་སྦང་སྟེ་མ་ཟངས་དང་ཁ་ཟངས་གཉིས་ཀྱི་མཐུད་མཚམས་ནང་ ཆང་གི་རླངམ་ཚུ་ཕྱི་ཁར་འཐོན་མི་བཅུག་ནིའི་དོན་ལུ་ སྐེད་རགས་བཟུམ་སྦེ་སྒྲིང་སྒྲིང་སྦེ་བསྡམ་ནིའི་དོན་ལུ་ ལག་ལེན་འཐབ་པའི་རས་ལུ་སླབ་ཨིན།

- རླུངམ་མམ་སྦངམ་ ཨ་རག་བཟོ་ནིའི་དོན་ལུ་ འབྲུ་སྣ་ཚུ་བཙོ་ཞིནམ་ལས་ དེ་ནང་ལུ་ ཕབས་གཏའ་བླུགས། ལེགས་ཤོམ་སྦེ་སླ་བསྲེ་རྐྱབ་ཞིནམ་ལས་ ཆང་གི་རྒྱ་ཛི་ཚུ་ནང་འདེགས། རླུང་མ་འཛུལ་མ་བཅུག་པར་ཁ་བསྡམས་ཏེ་ ཆང་གི་ཨམ་ལྷོང་ཡོད་མི་ལུ་སླབ་ཨིན། པ་ལང་འདི་ ཨ་རག་བཟོ་ཚར་ཞིནམ་ལས་ ཨ་རག་འདེགས་ནིའི་གཡུས་ལུགས་ཀྱིས་ ཧོད་ཀྱི་སྤྱི་མིང་ཅིག་ཨིན། པ་ལང་ལུ་དབྱེ་བ་མ་འདྲཝ་ལེ་ཤ་ཡོདཔ་དང་ འདི་ཡང་ རྒྱུ་སྦ་ལས་བཟོ་མི་ལུ་སྦ་གི་པ་ལང་། དེ་གུར་ མཛེས་པའི་རྒྱན་ཅཆ་སྦེ་ ཚར་ལྷག་སྟེ་སྤུར་ཡོད་མི་ལུ་ ཚར་གྱི་པ་ལང་། ཆུ་ཤིང་དང་རྭ་ཤིང་ལ་སོགས་པ་ཚུ་ གཤག་རྐྱབ། བསེ་གཏང་སྟེ་ དེ་གུར་ ཟངས་ཀྱི་གཤན་བཀལ་ཏེ་ཡོད་མི་ལུ་ ཤིང་གི་པ་ལང་། རི་དྭགས་སེམས་ཅན་ མ་ཧེ་གི་རཝ་གིས་བཟོ་མི་ལུ་མ་ཧེ་རྭ་གི་པ་ལང་། སྒོ་ནོར་སེམས་ཅན་ བ་མེན་གྱི་རཝ་ལག་ལེན་འཐབ་སྟེ་བཟོ་མི་ལུ་ བ་མེན་རྭ་ཅུང་ (མ་ཧེ་གི་རྭ་ལས་ཆུང་སུ་ཡོད་ནི་དེ་གིས་ རྭ་ཅུང་།) དང་ དེ་ལས་ ད་རེས་ནངས་པ་ གྱིབ་དང་ཤེལ་ལས་བཟོ་བའི་ དམ་སྦྱིས་ཚུ་ཡང་ལག་ལེན་འཐབ་སྲོལ་ཡོདཔ་ཨིན།

ཨ་རག་བཟོ་ཐངས།
༡་ ཆང་གི་ཨམ་རྒྱ་ཛི་ཁ་འཕྱེ་སྟེ་ མ་ཟངས་ཀྱི་སྦོམ་ཆུང་དང་འཁྲིལ་ མང་ཧིང་གསུམ་དཔྱ་ཕྱེད་དང་གཉིས་ (༡.༥/༣) བླུགས་ནི།
༢་ དེ་གུར་ ཆང་གི་ཨམ་གྱི་གསུམ་དཔྱ་ཕྱེད་དང་གཉིས་ཙམ་ (༡.༥/༣) ཆུ་ཁོདམ་བླུགས་ཏེ་ ཆུ་དང་ཨམ་གཉིས་གཟན་སྐྱ་གིས་སྤུས་རྩ་སྦེ་དཀྲུགས་དགོ། དེ་སྦེ་ སླ་བསྲེ་མ་རྐྱབ་པ་ཅིན་ ཆང་འཁོལཝ་ད་ རླུངམ་འཚིག་ནིའི་ཉེན་ཁ་ཡོདཔ་དང་ གལ་སྲིད་འཚིགས་པ་ཅིན་ ཨ་ར་གར་དྲགས་ཐོན་རུང་ འཐོན་སྐྱེད་ལུ་འཚིག་དྲི་མནམ་སྟེ་ སྤུས་ཚད་ལེགས་ཤོམ་མེད་པའི་གྲངས་སུ་ཚུདཔ་ཨིན།
༣་ མེ་ཤུགས་སྦེ་མེན་པར་ དྲོད་མཉམ་ལྡན་ཏོག་ཏོ་སྦེ་གཏང་དགོ།
༤་ མ་ཟངས་ནང་རྐང་གསུམ་ ཕར་ཚུར་ལྷག་པའི་གུར་ནང་རྫ་འདི་ ཆང་གི་ཨམ་ལུ་མ་རེག་པར་ སྦུག་ཕྲང་སྟེ་ཆུ་འཁོལམ་དུམ་གྲ་ཅིག་བླུགས་ཏེ་ བཀལ་དགོ། དེ་སྦེ་བཀལ་དགོ་མི་འདི་ རླུངམ་འཁོལ་བའི་སྐབས་སུ་ ནང་རྫ་ཆུ་གི་ལྗིད་ཀྱིས་ཕར་ཚུར་མི་གཡོ་ནིའི་དོན་ལུ་ཨིན།
༥་ ཁ་ཟངས་སྦུག་ཕྲང་སྟེ་བཀལ། དེ་སྦེ་བཞག་དགོ་མི་ཡང་ མ་ཟངས་ནང་རླངམ་ཐོན་མི་ཚུ་ ཁ་ཟངས་ཀྱི་གཤམ་ལུ་ཆུ་ཐིག་སྦེ་ཆགས་མི་དེ་ ནང་རྫ་ནང་འཛག་བཅུག་ནིའི་དོན་ལུ་ཨིན།
༦་ ཁ་ཟངས་ནང་ཆུ་ཁོདམ་བླུགས།
༧་ མ་ཟངས་དང་ཁ་ཟངས་མཐུད་མཚམས་ལུ་ ཆུ་རས་ཀྱིས་རླངམ་ཕྱི་ཁར་མ་ཐལཝ་སྦེ་ སྒྲིང་སྒྲིང་སྦེ་བསྡམས་དགོ།
༨་ མེ་དྲོད་མཉམ་སྦེ་གཏང་ཡི་ར་ ཁ་ཟངས་ཀྱི་ཆུ་དྲོད་བཏག་མ་བཏགས་ ལགཔ་བཙུགས་ཏེ་བལྟ་དགོ།
༩་ ཁ་ཟངས་ཀྱི་ཆུ་དྲོད་བཏགས་ཞིནམ་ལས་ གཟའ་རུ་གིས་དབོག་སྟེ་བཀོ་ཞིན་ན་ ཁ་ཟངས་མ་འཐུ་བར་ དོ་རུང་ཆུ་ཁོདམ་བླུགས་དགོ། གལ་སྲིད་ ཁ་ཟངས་ཀྱི་ཆུ་ཚ་ཏོག་ཏོ་སྦེ་ར་བཞག་པ་ཅིན་ མ་ཟངས་ནང་གི་རླངམ་ཚུ་ ཆུ་ཐིག་ལུ་འགྱུར་ནི་ཨ་ཙི་ཅིག་ལས་མི་འོངམ་ཨིནམ་དང་ ཆུ་ཁོདམ་གིས་ རླངམ་ཆུ་ཐིག་ལུ་འགྱུར་ནིའི་ཕན་གྲོགས་འབད་མི་ལུ་བརྟེན་ཨིན།
༡༠་ མེ་དྲོད་མཉམ་སྦེ་གཏང་ནི། ཁ་ཟངས་ཀྱི་ཆུ་དྲོད་བཏགས་མ་བཏགས་བལྟ་ནི། དེ་ལས་ སོར་ནི་ཚུ་ ཨ་རག་གར་ལྷ་ག་དེ་འབད་དགོ་ནི་ཨིན་ན་དང་འཁྲིལ་ཏེ་ ཆུ་ཐེངས་ གསུམ་དང་ལྔ་གི་བར་ན་སོར་ནི་ཨིན།
༡༡་ བློ་འདོད་དང་བསྟུན་པའི་ཆུ་ཐེངས་སོར་ཞིནམ་ལས་ ཁ་ཟངས་འཐུ། ནང་རྫ་གི་ཨ་རག་དང་རྐང་གསུམ་བཏོན། ཆང་གི་སྦངམ་ཡང་སོར་ཏེ་ གོང་གསལ་ ཨ་རག་གསརཔ་བཟོ་ཐངས་ཀྱི་བྱ་རིམ་ལྟར་དུ་ ཆང་གི་རླུངམ་མ་རྫོགས་ཚུན་བཟོཝ་ཨིན།

གཡུས་ལུགས་ཀྱི་ཨ་རག་བསྐོལ་ཐངས་མ་འདྲཝ།
རྒྱལ་ཁབ་ནང་ལུ་ ཨ་རག་བཟོ་ཐངས་ཚུ་ རྒྱལ་གཞན་ཚུ་ནང་གི་བྱ་རིམ་ཚུ་དང་ཧ་ལམ་འདྲ་མཚུངས་ཡོདཔ་ཨིན་རུང་ སྐྱེམས་སྤྱོད་ཐངས་ ལུང་ཕྱོགས་དང་གཡུས་གོ་སོསོའི་ལུགས་སྲོལ་དང་འཁྲིལ་ཏེ་ ཆབས་ཆུ་བསྐོལ་ཏེ་དྲངས་ཐངས་མ་འདྲཝ་འབད་ཡོདཔ་མ་ཚད་ བསྐོལ་ཏེ་དྲངས་པའི་རྟགས་མཚན་ཡང་ སྐྱེམས་རྡིག་ཤོས་ཀྱི་གྲངས་སུ་ཚུདཔ་ཨིན།

ཨ་རག་གཞུང་རྐྱང་འདི་ ཨ་རག་ནང་རྫ་ལས་བཏོན་པའི་སྐྱེམས་འདི་ ཙནྡན་དམརཔོ་དང་ ཡང་ཅིན་ ནོར་གྱི་ཨོམ་དང་ ཉ་རློནམ་བླུགས་ཏེ་བཟོ་བཟོཝ་ཨིན་རུང་ དེ་ལས་ ག་ནི་ཡང་མ་བླུགས་པར་ཆུ་གཞུང་རྐྱང་སྦེ་ ཆང་འདེགས་ནིའི་ཧོད་པ་ལང་ནང་ལས་ ཁོདམ་སྦེ་དྲངས་མི་ལུ་སྐྱེམས་གཞུང་རྐྱང་ཟེར་སླབ་ཨིན། མགྱོནམ་གྱི་ཁམས་ཏེ་འཕྲལ་འཕྲལ་སྐབས་ གནམ་གཤིས་བསིལ་དྲོད་དང་འཁྲིལ་ ཆབས་ཆུ་བསིལ་ཏོང་ཏོ་དང་ བར་སྐབས་རེ་ དྲོད་བཏགས་ཏེ་དྲངས་སྲོལ་མ་འདྲཝ་གཉིས་ཡོདཔ་ཨིན།

༡་ མར་བླུགས་ཏེ་བསྐོལ་ནི་འདི་ཡང་ ཆབས་ཆུ་བཞེས་མི་སྐུ་མགྲོན་ཚུ་གི་ཁམས་དང་འཁྲིལ་ཏེ་
- རྫམ་ནང་ནོར་ཡོད་མི་ཚུ་གིས་ བ་གི་མར་མངརམ་དང་ དེ་མེད་པའི་གཡུས་མི་ཉམས་ཆུང་ཚུ་གིས་ ཤིང་མར་བླུགས་གང་རུང་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་ལག་ལེན་འཐབ་ཐོག་ འཚིགས་མ་བཅུག་པར་དཀྲུགས་ཏེ་བཞུ་བཅུག།
- མར་བཞུ་ཚར་ཞིནམ་ལས་ དེ་གུ་ལུ་ ཨ་རག་གཞུང་རྐྱང་བླུགས།
- དེ་གཉིས་ ལེགས་ཤོམ་སྦེ་གཟར་རུ་གིས་དཀྲུགས་ཏེ་ དྲོད་བཏགས་བཅུག་དགོ།
- དྲོད་བཏགས་ཧིང་རང་གི་ལགཔ་སྒྱལ་ཏོག་གི་ པགས་ཀོ་གུར་བླུགས་ཏེ་ དྲོད་ལྤགས་ཀོ་གིས་བཟེད་ཚུགས་མ་ཚུགས་ཅིག་ལས་ རྫམ་ས་ཁར་ཕབས་ཏེ་ དྲངས་གཞག་རྐྱབ་སྲོལ་ཡོད་མི་སླབ་ཨིན།

༢་ སྒོང་རྡོག་སྲེག་སྟེ་བསྐོལ་ནི་འདི་ ཆབས་ཆུ་རྡིག་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ནང་གི་རྫོང་ཁག་མཐའ་དབུས་མེད་པར་ བཟོ་སྟེ་སྤྱོདཔ་ཨིན། དེ་བསྐོལ་ཐངས་ཡང་
- རྫམ་ནང་ བ་གི་མར་མངརམ་རན་ཏོག་ཏོ་ཅིག་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་ལག་ལེན་འཐབ་ཐོག་ འཚིགས་མ་བཅུག་པར་དཀྲུགས་ཏེ་བཞུ་བཅུག།
- དེ་གུར་ བྱམོ་གི་སྒོང་རྡོ་གཅིག་གཉིས་གང་རུང་བླུགས་ཏེ་ དེ་འཕྲོ་ལས་ རྫམ་གྱི་གཤམ་་ལུ་སྦྱར་མ་བཅུག་པར་ གཟན་སྐྱ་གིས་དཀྲུགས་དགོ།
- སྒོང་རྡོག་འཚོགས་མ་འཚོགས་ཅིག་ལས་ དེ་གུར་ ཨ་རག་བླུགས་ཏེ་གཟར་རུ་གིས་དཀྲུགས་ཏེ་ དྲོད་བཏགས་བཅུག་དགོ།
- དྲོད་བཏགས་ཐངས་ཚུ་ གོང་གསལ་དང་འདྲ།

༣་ སྒོང་རྡོག་རྡུར་ཏེ་བསྐོལ་ནི་འདི་ ཤར་ཕྱོགས་ཀུར་སྟོད་ལུང་པའི་གཡུས་ལུགས་ ཐུན་མོང་མ་ཡིན་པ་ཅིག་ཨིན། འདི་ཡང་
- རྫམ་ནང་ བ་གི་མར་མངརམ་རན་ཏོག་ཏོ་ཅིག་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་ལག་ལེན་འཐབ་ཐོག་ འཚིགས་མ་བཅུག་པར་དཀྲུགས་ཏེ་བཞུ་བཅུག།
- དེ་གུར་ སྒོང་རྡོག་མེན་པར་ཨ་རག་གཞུང་རྐྱང་བླུགས།
- ལེགས་ཤོམ་སྦེ་དཀྲུགས།
- དྲོད་ཧ་ལམ་ཅིག་བཏགས་པའི་སྐབས་ དེ་ནང་སྒོང་རྡོག་བླུགས།
- དེ་འཕྲོ་ལས་ ཇ་འཕྲུག་རྐྱབ་སྟེ་སླ་བསྲེ་རྐྱབས།
- གཟར་རུ་གིས་དཀྲུགས་ཅི་ར་ དྲོད་མཉམ་རན་ཏོག་ཏོ་བཟོ་ཞིནམ་ལས་ དྲངས་གཞག་རྐྱབ་སྲོལ་ཡོདཔ་ཨིན།

༤་ སྐྱ་སྒོགཔ་བླུགས་ཏེ་བསྐོལ་བའི་ཆབ་ཆུ་འདི་ཡང་ མང་ཤོས་ ཤར་ཕྱོགས་དུང་སམ་རྡོ་གསུམ་གྱི་གཡུས་ཚན་ཚུ་ནང་ལུ་ སྤྱོད་སྲོལ་ཡོད་པའི་གཡུས་ལུགས་ཅིག་ཨིན། བཟོ་ཐངས་ཡང་
- རྫམ་ནང་ བ་གི་མར་མངརམ་རན་ཏོག་ཏོ་ཅིག་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་ལག་ལེན་འཐབ་ཐོག་ འཚིགས་མ་བཅུག་པར་དཀྲུགས་ཏེ་བཞུ་བཅུག།
- དེ་གུར་ སྐྱ་སྒོགཔ་པགས་ཀོ་བཤུགས་ཞིནམ་ལས་ གཉིས་དང་གསུམ་གང་རུང་སྦེ་བཀག་སྟེ་བླུགས།
- དོ་རུང་ གཟན་སྐྱ་དང་གཟར་རུ་གང་རུང་གིས་ འཚིགས་མ་བཅུག་པར་དཀྲུགས་ཏེ་ སྐྱ་སྒོགཔ་གི་མདོག་ཧ་ལམ་ སེར་ཀྲེ་དམར་ཀྲེ་འཚམས་སུ་འགྱོ་བཅུག།
- དེ་གུར་ ཨ་རག་གཞུང་རྐྱང་བླུགས།
- གཟར་རུ་གིས་དཀྲུགས་ཅི་ར་ དྲོད་མཉམ་རན་ཏོག་ཏོ་བཟོ་ཞིནམ་ལས་ དྲངས་གཞག་རྐྱབ་སྲོལ་ཡོད།

༥་ གེ་ཛ་སྲིབ་བླུགས་པའི་སྐྱེམས་འདི་ཡང་ འབྲུག་ཤར་ཕྱོགས་པའི་གཡུས་ཚན་ཚུ་ནང་གི་ ལོ་ཐོག་གི་འཐོན་སྐྱེད་གཙོ་བོ་ཅིག་འབདཝ་ལས་ གེ་ཛ་སྲིབ་འདི་ ཨ་རག་དང་གཅིག་ཁར་ ཇ་རྩམ་སྦེ་ཡང་བཟའཝ་མ་མ་ཚད་ ཨ་ར་བསྐོལ་བའི་སྐབས་སུ་ཡང་ སླ་བསྲེ་རྐྱབས་ཏེ་བསྐོལ་བའི་གཡུས་ལུགས་ཅིག་ཨིན། འདི་ཡང་ ག་དེ་སྦེ་བཟོཝ་ཨིན་ན་ཟེར་བ་ཅིན་
- རྫམ་ནང་ བ་གི་མར་མངརམ་རན་ཏོག་ཏོ་ཅིག་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་ལག་ལེན་འཐབ་ཐོག་ འཚིགས་མ་བཅུག་པར་དཀྲུགས་ཏེ་བཞུ་བཅུག།
- དེ་གུར་ གེ་ཛ་སྲིབ་སྤར་གང་དང་ཙམ་བླུགས།
- དོ་རུང་ གཟན་སྐྱ་དང་གཟར་རུ་གང་རུང་གིས་ འཚིགས་མ་བཅུག་པར་དཀྲུགས་ཏེ་ སྲིབ་ཀྱི་ཁ་དོག་སེར་ཀྲེ་དམར་ཀྲེ་འཚམས་སུ་འགྱོ་བཅུག།
- དེ་གུར་ཨ་རག་གཞུང་རྐྱང་བླུགས།
- གཟར་རུ་གིས་དཀྲུགས་ཅི་ར་ དྲོད་མཉམ་རན་ཏོག་ཏོ་བཟོ་ཞིནམ་ལས་ དྲངས་གཞག་རྐྱབ་སྲོལ་ཡོདཔ་ཨིན།

༦་ ཤ་སྐམ་བླུགས་ཏེ་བསྐོལ་ནིའི་སྲོལ་འདི་ཡང་ ཁྱབ་ཆེ་ཤོས་ ཤར་ཕྱོགས་ལུང་པའི་གཡས་ཚན་ཚུ་གིས་ར་བཟོ་སྲོལ་ཡོདཔ་ཨིན། འདི་ཡང་
- རྫམ་ནང་ བ་གི་མར་མངརམ་རན་ཏོག་ཏོ་ཅིག་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་ལག་ལེན་འཐབ་ཐོག་ འཚིགས་མ་བཅུག་པར་དཀྲུགས་ཏེ་བཞུ་བཅུག།
- དེ་གུར་ ནོར་ཤ་སྐམ་ཤག་ཕྱེད་འབད་རུང་ ཡང་ཅིན་ ཤག་གཅིག་ཨིན་རུང་ གྱི་ལྟག་གིས་བརྡུངས་ཞིནམ་ལས་ ཆུང་ཀུ་སྦེ་རྫམ་སྟེ་ཆུ་འཁྱུ་སྦེ་བླུགས།
- གཟན་སྐྱ་དང་གཟར་རུ་གང་རུང་གིས་ འཚིགས་མ་བཅུག་པར་དཀྲུགས་ཏེ་ཆུ་སྐམ་བཅུག།
- སྐམ་ཀྲོག་ཀྲོག་ཐལཝ་ད་ དེ་གུར་ ཨ་རག་གཞུང་རྐྱང་བླུགས།
- གཟར་རུ་གིས་དཀྲུགས་ཅི་ར་ དྲོད་མཉམ་རན་ཏོག་ཏོ་བཟོ་ཞིནམ་ལས་ དྲངས་གཞག་རྐྱབ་སྲོལ་ཡོདཔ་ཨིན།

དྲན་གསོ་ གོང་གསལ་ཨ་རག་ནང་ སྐྱ་སྒོགཔ། སྲིབ། ཤ་སྐམ་ཚུ་བླུགས་མི་དེ་གིས་ ཨ་རག་གི་བྱོ་ལྷག་གར་དྲགས་བཟོ་ནི་ལུ་ལྷན་ཐབས་འབདཝ་ཨིན་ཟེར་ གཡུས་མི་རྒས་ཤོས་ཚུ་གིས་སླབ་ནི་ཡོདཔ་ཨིན། འབྲུག་མི་ལ་ལུ་གིས་ ཨ་རག་མེན་པར་ དེ་ནང་ལུ་བླུགས་མི་ལྷན་ཐབས་ཀྱི་རྫས་ཚུ་རྐྱངམ་གཅིག་ བཟའ་སྲོལ་ཡང་ཡོདཔ་ཨིན།

དྲངས་ཐངས་དང་འཐུང་ཐངས།
ཨ་རག་འདི་ རྒྱལ་ཁབ་ནང་ལུ་ཆོས་དང་སྲིད་ཀྱི་མཛད་སྒོ་ཚུ་ནང་ལུ་དང་ དགའ་སྟོན་རྟེན་འབྲེལ། དེ་ལས་ མདའ་རྩེད་ཚུ་ནང་ལུ་ཡང་དྲངས་གཞག་རྐྱབ་སྲོལ་ཡོད་པའི་ ཡོངས་གྲགས་ཅན་གྱི་གཏུང་བྱའི་བྱེ་བྲག་ཅིག་འབདཝ་ལས་ རང་ལུགས་སྒྲིག་ལམ་རྣམ་གཞག་དང་བསྟུན་ཏེ་ དྲངས་ཐངས། བཟེད་ཐངས། འཐུང་ཐངས། དེ་ལས་ ལང་པའི་བརྡ་མཚོན་སྟོན་ཐངས་ལེ་ཤ་ཡོད་མི་ཚུ་ མཁྱེན་དགོཔ་ཁག་ཆེ་ཤོས་ཅིག་ཨིན། གལ་སྲིད་ དེའི་རྣམ་གཞག་མ་ཤེས་པ་ཅིན་ རང་འཐུང་མི་ཞལ་ཐག་དཔྱང་། གཞན་ དྲངས་གཞག་རྐྱབ་མི་དང་ ལྟ་རྟོག་འབད་མི་ཚུ་གིས་ཁ་གཏང་ནི་ཉེན་ཁ་ཡོདཔ་ལས་ དྲན་ཤེས་ཀྱི་སྒོ་ལས་དང་ གཡུས་ལུགས་ཀྱི་ཤེས་བྱ་ཡོད་པའི་སྒོ་ལས་སྤྱོད་པ་ཅིན་ ཡ་རབ་ཡོན་ཏན་ཡོདཔ་དང་བལྟ་རྒྱ་དང་ཐོས་རྒྱ་ཡོདཔ་སྦེ་བརྩི་འཇོགས་འབདཝ་ཨིན།

དྲངས་ཐངས་ཡང་ ཆབས་ཆུ་འདི་བསུ་ཆང་། ཕེབས་ཆང་། བསྐྱེལ་ཆང་བཟུམ་ཅིག་ཨིན་པ་ཅིན་ ཨ་རག་པ་ལང་ཚུ་ནང་ལུ་འདེགས་ཞིནམ་ལས་ སྐུ་མགྲོན་གྱི་གདོང་ཁར་པ་ལང་ཕབས། ཁབ་ཏོ་འཕྱེ་སྡོད་པའི་བར་ན་ མགྱོནམ་གིས་ཕོརཔ་བཏོན་ཏེ་བཟེད་པའི་སྐབས་ དྲངས་མི་གིས་ པ་ལང་གི་གཤམ་འདི་ ལགཔ་གཡས་པ་གིས་སྟེགས། ལགཔ་གཡོནམ་གིས་སྐེད་པར་ཤེད་དེ་ བགྲོད་ཀྱིས་སྦེ་པ་ལང་གི་གཤམ་ཡར་འཐུ་སྟེ་དྲངསམ་ཨིན། དྲན་པ་བཏོན་དགོཔ་འདི་ དུས་ནམ་ར་འབད་རུང་ དྲངས་གཞག་ལགཔ་གཡསཔ་གིས་སྦེ་ དྲངས་དགོཔ་ཨིནམ་ལས་ འདི་ཡང་ རྟེན་འབྲེལ་གྱི་རྟགས་ཨིན།

གང་དང་སྦྲོན་གྱི་རྣམ་གཞག་འདི་ཡང་ གཙོ་བོ་ཆབས་ཆུ་བཞེས་མི་དང་དྲངས་མི་གཉིས་ཆ་རའི་ཁ་ཐུག་ལས་ ཤེས་དགོ་པའི་ཡོན་ཏན་ཅིག་ཨིན། བཟེད་མི་གི་ཁ་ཐུག་ལས་ཡང་ ཕོརཔ་བཏོན་ཏེ་ལགཔ་གཡསཔ་གིས་ ཨམ་མཐེ་སྦོམ་དང་མཛུབ་མོ་གཉིས་ཀྱིས་ཕོརཔ་གི་ཁ་ལས་བཟུང་། གུང་མོ་དང་སྲིན་ལག་གཉིས་ཀྱི་སྐེད་པར་ལས། དེ་ལས་ མཐེའུ་ཆུང་གིས་གཤམ་ལས་སྟེགས་ཏེ་བཟུང་ཞིནམ་ལས་ ཆང་ཕོརཔ་གངམ་སྦེ་འཐུང་ནི་ཨིན་པ་ཅིན་ ཕོརཔ་གངམ་སྦེ་བཟེད་ནི་དང་ དེ་མེན་པ་ཅིན་ ཆང་ཕོརཔ་ཕྱེད་ལྷག་ཙམ་ལྷོདཔ་ད་ ཕོརཔ་བཟུང་མི་མཛུབ་མོ་གིས་ ལང་ཡི་ཟེར་བའི་བརྡ་མཚོན་སྟོན་དགོཔ་ཨིན། བརྡ་མཚོན་འདི་ དྲངས་གཞག་རྐྱབ་མི་གིས་མཐོངམ་ད་ ཆབས་ཆུ་བླུགས་ནི་བཞག་སྟེ་ མགྱོནམ་གྱིས་བཞེས་བཅུག་དགོ། འཐུང་མི་གིས་འབད་རུང་ ཨ་རག་འཐུང་ཐངས་ཤེས་དགོཔ་ཨིན། འདི་ཡང་ སྒྲིག་ལམ་རྣམ་གཞག་དང་འཁྲིལ་ཏེ་ དང་པ་ ཕོརཔ་གངམ་དེ་མ་འཐུང་པའི་ཧེ་མ་ ལགཔ་གཡོན་པའི་སྲིན་ལག་གིས་འབད་ ཆང་ཕུད་ཚར་གསུམ་གཏོར་ཞིནམ་ལས་ ཆང་དེ་རྫོགསཔ་སྦེ་ར་འཐུང་ནི་མེན་པར་ ཧུབ་ཐེངས་ཅིག་འཐུང་། དེ་ལས་ དྲངས་གཞག་རྐྱབ་མི་གིས་ དོ་རུང་ སྦྲོན་དྲངས་དགོཔ་དང་ རྟེན་འབྲེལ་གྱི་ཚུལ་ལུ་བཟེད་མི་གིས་ཡང་ བཟེད་དེ་བགྲོད་ཀྱིས་སྦེ་འཐུང་དགོཔ་ཨིན། ཆབས་ཆུ་གང་དང་སྦྲོན་འཐུང་ནི་འདི་ འབྲུག་པའི་རྟེན་འབྲེལ་ཅིག་ཨིནམ་ལས་ ཨིན་ཅི་མིན་ཅི་བཟེད་དགོཔ་ཨིན། གལ་སྲིད་ དོ་རུང་སྦྲོན་གཉིས་པ་དྲངས་པ་ཅིན་ བཟེད་ནི་དང་ཤོལ་བཞག་ནི་ རང་གི་ཁམས་དང་འཁྲིལ་ནི་ཨིན། ཨིན་རུང་ ལ་ལུ་གིས་ཐེངས་གསུམ་དྲངས་ནི་དང་ བཟེད་མི་གིས་ཡང་ ཧུབ་ཐེངས་རེ་འཐུང་ཡི་ར་ ཚར་གསུམ་འཐུང་དགོ་ཟེར་སླབ་ཡོད་མི་ཡང་ “གང་གཉེན། གཉིས་དགྲ། གསུམ་རྟེན་འབྲེལ།” ཟེར་ ཡིད་ཆེས་སྐྱེད་མི་དང་བསྟུན་ཏེ་ཨིན་མས།

ཨ་རག་ཡུན་བརྟན་སྦེ་བཞག་ཐངས།
འབྲུག་རྒྱལ་ཁབ་ནང་ལུ་ ཕྱི་རྒྱལ་ཁབ་ནང་བཟུམ་སྦེ་ རླངམ་བཙག་པའི་ཆང་ངར་ཚུ་ལོ་ཡུན་རིངམ་སྦེ་ བཞག་སྲོལ་མེདཔ་ཨིན། ཨིན་རུང་ ད་རེས་ནངས་པ་ ལ་ལུ་ཅིག་གིས་ཨ་རག་ནང་ཙནྡན་དམརཔོ་བླུགས། ཡང་ཅིན་ དབྱར་རྩྭ་དགུན་འབུབ་ཡང་བླུགས་ཏེ་ པ་ལང་ཚུ་ནང་མེན་པར་ ཤེལ་གྱི་དམ་སྦྱིས་ནང་སྦེ་ཁ་སྒྲིང་སྒྲིང་བསྡམས་ཏེ་ ལོ་ཡུན་རིང་ཤོས་གཅིག་དང་གཉིས་ཙམ་བཞག་སྲོལ་ཡོདཔ་ཨིན། འདི་ཡང་ རྒྱལ་ཁབ་གཞན་ཚུ་བཟུམ་སྦེ་ ཆང་གི་བཅུད་ཆེ་ནིའི་དོན་ལུ་དང་ དེ་བཟུམ་མའི་ཆང་གིས་ གཟུགས་ལུ་ཕན་པའི་ཡིད་ཆེས་ལས་བརྟེན་ དང་ལེན་འབདཝ་ཨིན་མས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
འབྲུག་མི་ ག་ར་གིས་བཟོ་སྲོལ་དང་སྤྱོད་སྲོལ་ཡོདཔ་ལས་ མི་སྡེ་ལོགས་སུ་ཅིག་མེདཔ་ཨིན།

ཞིབ་འཚོལ་འབད་མི། ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།