ལམ་སྲོལ་ཆ་ཤས།

Elements

ཁྲོམ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
བུམ་ཐང་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ནང་ རྫོང་ཁག་ཉི་ཤུ་ཡོད་པའི་གྲལ་ལས་ ག་ནི་བ་མཛེས་ཆ་དང་ལྡན་པའི་ཁར་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱིན་གྱིས་བརླབས་གནང་བའི་གནས་ མང་རབས་ཅིག་ཡོད་པའི་རྫོང་ཁག་ཅིག་ཨིན། དེ་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལས་ ཀི་ལོ་མི་ཀྲར་ ༢༦༨ ཡོད་པའི་ཁར་ ཉིན་ལམ་གཅིག་གི་འགྲུལ་ལམ་ཁར་ ཤར་ཕྱོགས་དང་དབུས་ཕྱོགས་རྫོང་ཁག་ཚུ་གི་བར་ན་ འགྲོ་འགྲུལ་འབད་སའི་ལམ་སྦུག་ལུ་ ག་ནི་བ་ཉམས་དགའ་ཏོག་ཏོག་སྦེ་ཆགས་ཏེ་ཡོདཔ་ཨིན། བུམ་ཐང་སྡེ་བཞིའི་ནང་ རྒེད་འོག་བཞི་ཡོད་མི་ཚུ་ཡང་ ཆོས་འཁོར། སྟང་། ཆུ་སྨད། ཨུ་ར་ཚུ་ཨིན་མས། ཁྲོམ་འདི་ བུམ་ཐང་རྫོང་ཁག་གི་རྒེད་འོག་ག་རའི་ནང་ལུ་དར་ཁྱབ་ཡོད་དེ་འབད་རུང་ ད་རེས་ ཞིབ་འཚོལ་འབད་སའི་ས་གོ་འདི་ ཆོས་འཁོར་རྒེད་འོག་ ལྕང་བ་གཡུས་ཚན་ནང་ཨིན། ཆོས་འཁོར་རྒེད་འོག་འདི་ རྒེད་འོག་བཞིའི་གྲལ་ལས་ རྫོང་ཁག་ལྟེ་བ་ལས་ ཐག་ཉེ་ཤོས་ཅིག་ཨིན་པའི་ཁར་ རྫོང་ཁག་དེའི་ཁྲོམ་ལྟེ་བ་ལྕམ་མཁར་ཁྲོམ་འདི་ཡང་ རྒེད་འོག་འདི་ནང་ཆགས་ཏེ་ཡོདཔ་ཨིན། ལྕང་བ་གཡུས་ཚན་འདི་ ལྕམ་མཁར་ཁྲོམ་ལས་ ཀི་ལོ་མི་ཊར་ ༥ དེ་ཅིག་གི་ས་ཁར་ ལྕམ་མཁར་ཆུ་གི་གཡས་ཕྱོགས་དང་ རྒྱལ་ཁབ་ནང་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བྱིན་ཅན་ བྱམས་པ་ལྷ་ཁང་གི་ལྟག་ལུ་ ག་ནི་བ་མཐོང་སྣང་ཆེ་ཏོག་ཏོ་ཅིག་གི་ས་ཁར་ ཆགས་ཏེ་འདུག།
ངོས་བཟུང་འབད་བའི་ལོ།
༢༠༢༢
འགྲེལ་བཤད།
འབྲུ་སྣ་དགུའི་གྲལ་ལས་ ལོ་ཐོག་བྱཱོ་དང་རྒྱ་རེད་ལས་བཟོ་སྲོལ་ཡོད་པའི་ བུམ་ཐང་པའི་ཁྲོམ་འདི་ དུས་དང་ཕུ་ལས་ར་ བུམ་ཐང་སྡེ་བཞིའི་ རྒེད་འོག་ཚུ་ནང་ ནོར་རྫིཔ་ཚུ་གིས་ཉི་མའི་བཞེས་སྒོ་སྦེ་ ཟ་སྤྱོད་འབད་དེ་སྡོད་ནུག། དེ་ཡང་ དང་ཕུ་བུམ་ཐང་གི་ལུང་ཕྱོགས་འདི་ནང་ བྱཱ་གི་རིགས་རྩ་ལས་མ་ཚོཔ་ལས་ ཆུམ་འདི་འཐོབ་པར་ལཱ་ཁག་ཡོད་ནི་དེ་གིས་ ལྟོ་ཟ་ནི་འདི་ ག་ནི་བ་དཀོན་དྲགས་ཅིག་ཨིན་མས། ལོ་གསར་དང་དུས་སྟོན་ཚུ་གི་སྐབས་ལུ་ མི་འབྱོར་པ་ཅན་ཚུ་གིས་རྐྱངམ་གཅིག་མ་གཏོགས་ སྤྱིར་བཏང་ག་ར་གིས་ཟ་ཚུགས་པར་ ལཱ་ཁག་ཡོད་ཟེར་བཤདཔ་ཨིན་པས།

དེ་འབདཝ་ད་ དུས་ད་རེས་ནངས་པ་ རྫོང་ཁག་དེ་ནང་གི་རྒེད་འོག་དང་གཡུས་སྒོ་ག་རའི་ནང་ མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་དང་ ཐ་ན་ ལ་གུང་གསུམ་གྱི་མི་སེར་ཚུ་གིས་ཡང་ ཆུམ་རིགས་ཀྱི་ལྟོ་ལུ་ གཙོ་བོར་བཏོན་ཏེ་སྡོདཔ་མ་གཏོགས་ ཕྱེའི་རིགས་ལས་བཟོ་བའི་ཁྲོམ་དང་ཁུར་བ། པུ་ཏ་ལ་སོགས་པ་ཚུ་ ཟ་སྤྱོད་འབད་མི་གངམ་མེདཔ་ལས་ ཉམས་འགྱོ་ནིའི་དུམ་ཁ་ལྷོད་དེ་ཡོདཔ་ལས་ ད་རེས་ ཟ་འདོད་ཡོད་མི་ཚུ་གིས་ དམིགས་གསལ་སྦེ་ མཁོ་མངགས་འབད་དེ་མ་གཏོགས་ བཞེས་སྒོ་གཞན་ཚུ་བཟུམ་སྦེ་ དུས་རྒྱུན་ཐོབ་ཆོག་ཆོ་དང་ ཟ་ཆོག་ཆོ་མེདཔ་ཨིན་པས།

ཁྲོམ་འདི་བཟོཝ་ད་ དང་པ་ ཁུར་བཱ་ལྷོག་དོ་བཟུམ་སྦེ་ རྡོ་ཡུག་བྱེན་ཞིན་ད་བཟོཝ་ཨིན་རུང་ ཁུར་བཱ་བཟུམ་སྦེ་མེན་པར་ཕྱེ་རྡུར། དེ་ནང་ རྫས་སྦྱོར་ ཚྭ་དང་ཨེ་ཕྱེ། ཐིང་ངེ་ཚུ་གཅིག་ཁར་སྦྱོར་ཞིན་ན་བླུགས་ཏེ་ གཡས་གཡོན་གྱི་མཐའམ་གཉིས་བལྟབ་སྟེ་ བཟོཝ་ཨིན་མས། ཁྲོམ་ཟ་སྤྱོད་འབད་ནི་འདི་ དང་ཕུ་ནོར་རྫིཔ་ཚུ་གིས་ ཉི་མའི་འཛརཝ་སྦེ་ཟཝ་ཨིན་རུང་ ད་རེས་ནངས་པ་ འདི་ལག་ལེན་དང་ཟ་སྤྱོད་འབད་མི་མེདཔ་ལས་ ཉམས་འགྱོ་ནིའི་གནས་སྟངས་གུར་ལྷོད་དེ་འདུག་ཟེར་བཤདཔ་ཨིན་མས།
དོན་དག།
བུམ་ཐང་པའི་ཁྲོམ་འདི་གིས་ བུམ་རྫོང་ཁག་གི་གཡུས་ཚན་ཚུ་གི་ ངོ་རྟགས་སྟོནམ་ཨིནམ་རུང་ དུས་རྒྱུན་གྱི་བཞེས་སྒོའི་སྣ་ཁ་སྦེ་ཟ་སྤྱོད་འབད་སྲོལ་མེད་པའི་ཁར་ སྤྲོ་ཟས་དང་ཟས་རྡིག་རྡིགམ། ཚོགས་རྫས་ལ་སོགས་པ་ཚུ་གི་དོན་ལུ་ཡང་ ལག་ལེན་འཐབ་སྲོལ་མེདཔ་ཨིན་མས།
རྒྱུན་སྤེལ་ཐབས་རིག།
གཡུས་སྒོ་འདི་ནང་ ཁྲོམ་ཟ་སྤྱོད་འབད་ནི་འདི་ དུས་དང་ཕུ་ལས་ར་ མི་རབས་ལས་མི་རབས་བརྒྱུད་དེ་ ལག་ལེན་འཐབ་སྟེ་འོང་ཡོད་རུང་ བཞེས་སྒོ་གཞན་རིགས་བཟུམ་སྦེ་ ཟ་སྤྱོད་འབད་ནི་ལུ་དང་འདོད་བསྐྱེད་མི་གངམ་མེདཔ་ལས་ ཉམས་འགྱོ་ནིའི་ཉེན་ཁ་འདུག་ཟེར་ ཨམ་ཤེས་རབ་སྒྲོལ་མ་གིས་བཤདཔ་ཨིན་མས། ཨིན་རུང་ ལྕང་འོག་གཡུས་ཚན་ནང་ ཨཔ་བླམ་མགོན་པོ་དང་ ཨམ་བཀྲིས་གཉིས་ལས་བརྒྱུད་པའི་བུ་ ཡེ་ཤེས་དཔལ་འབྱོར་དང་ ཨཔ་རྟ་པོ་དང་ཨམ་བཀྲིས་མོ་གཉིས་ལས་བརྒྱུད་པའི་བུམོ་ ཅིང་མོ་གཉིས་ལས་ ད་རེས་ སྐྱེས་ལོ་ ༥༣ ལང་མི་ཨམ་ཤེས་རབ་སྒྲོལ་མ་གིས་ མོ་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ར་ ཁྲོམ་བཟོ་ནིའི་རྒྱུ་གཙོ་བོ་ བྱཱོ་དང་ རྒྱ་རེད་ཚུ་ཞིང་ཁར་སོན་བཏབ་ནིའི་དུས་ཚོད་དང་ བསྡུ་ཐངས་ཀྱི་ལག་ལེན་གྱི་རིམ་པ་ཚུ་ མོ་རའི་ཕམ་ཚུ་ལས་ མ་བཏུབ་བཏུབ་སྦེ་ལྷབ་སྦྱང་འབད་དེ་ཡོད་པའི་ཁར་ མོ་རའི་བུམོ་ སྐྱེས་ལོ་ ༣༥ ལང་མི་ སྒྲོལ་དཀར་ལུ་ཡང་ དེའི་ལག་ལེན་དང་སྦྱང་བ་་ཚུ་ ལེགས་ཤོམ་སྦེ་བྱིན་ཏེ་ ད་རེས་ཁྱིམ་ནང་མགྱོནམོ་ཆེ་འབྲིང་ཆུང་གསུམ་ག་བྱོན་རུང་ བུམ་ཐང་པའི་རང་ལུགས་ཀྱི་བཞེས་སྒོ་ཚུ་ དུས་ནམ་དང་ནམ་ར་དགོ་རུང་ བཟོ་སྟེ་དྲང་ཆོག་ཆོག་སྦེ་སྡོདཔ་ཨིན་མས།

འབྲུ་སྣ་དགུའི་གྲལ་ལས་ བྱཱོ་བཏབ་ནིའི་དུས་ཚོད་འདི་ རང་ཟླ་ ༣ པའི་ནང་བྱ་ཁུ་བྱུག་ལྷོདཔ་ད་དང་ ཡང་ཅིན་ལུང་པ་འདི་ནང་ཡོད་པའི་ཤིང་འབྲས་ གཡུས་སྐད་ལས་ གླི་ཕཱན་ཟེར་མི་(crab apple) གི་མེ་ཏོག་ཤར་བའི་དུས་དང་འཁྲིལ་ བཏབ་ཞིནམ་ལས་ རང་ཟླ་ ༦ པའི་ནང་བསྡུཝ་ཨིན་པས། ཁྲོམ་འདི་ བྱཱོ་དང་རྒྱ་རེད་གཉིས་ཆ་ར་གིས་ བཟོཝ་ཨིན་རུང་ བྱཱོ་ལས་བཟོ་མི་འདི་ཁག་ཏེག་འཚམས་ཅིག་དང་ རྒྱ་རེད་ལས་བཟོ་མི་འདི་མངརམ་འཚམས་ཅིག་འོངམ་ཨིན་མས། ལོ་ཐོག་རྒྱ་རེད་འདི་ ཟླཝ་ ༥ པའི་ནང་ ལུང་ཕྱོགས་འདི་ནང་ ཁྱབ་ཆེ་དྲགས་ཡོད་པའི་ ཨོ་ལའི་ཕྱུ་གུ་ཚུ་ ཚང་ནང་ལས་ཐོན་ཏེ་ ཕྱི་ཁར་འཁྱམས་པའི་དུས་ཚོད་དང་འཁྲིལ་ཏེ་ བཏབ་སྲོལ་ཡོདཔ་ཨིན་མས། དེ་ཡང་ བར་ན་ཞག་གྲངས་ ༡༥ རེ་སྦེ་ དུས་རིམ་གསུམ་སྦེ་བརྩིས་སྲོལ་ཡོད་མི་འདི་ཡང་ དང་པ་དང་ གཉིས་པ་ གསུམ་པ་ཟེར་བརྩིས་སྲོལ་ཡོད་མིའི་གྲལ་ལས་ དང་པ་དང་ གསུམ་པའི་ནང་ཚུད་པ་ཅིན་ ལོ་ཐོག་ཡང་ལེགས་ཏེ་འབྲས་བུ་ ལེགས་ཤོམ་སྦེ་འཚོཔ་ཨིན་རུང་ དུས་རིམ་གཉིས་པའི་ནང་ཚུད་སོང་པ་ཅིན་ བར་གའིུ་ནང་ཚུད་ནུག་ཟེར་ རྒྱ་རེད་འདི་ མེ་ཏོག་རྐྱངམ་ཅིག་ཤར་ཏེ་ འབྲས་བུ་ལེགས་ཤོམ་སྦེ་མི་ཚོ་ཟེར་ བཤད་སྲོལ་ཡང་འདུག། དེ་ལས་ ཟླཝ་ ༨ པའི་ཟླ་མཇུག་ཁམས་ལུ་བསྡུ་སྟེ་ ཐོག་ཕུད་དང་པ་འདི་ རྒེད་འོག་འདི་ནང་ཡོད་པའི་ ཐང་སྦི་ལྷ་ཁང་གི་ཚེས་བཅུའི་སྐབས་ལུ་ ཁུར་བཱ་དང་པུ་ཏ་ ཇང་བུ་ལི་ལ་སོགས་པ་བཟོ་སྟེ་ ཚོགས་སྦེ་ཕུལ་སྲོལ་ཡོདཔ་ཨིན་མས།

དགོས་མཁོའི་ཅ་ཆས་དང་རྫས་སྦྱོར།
- བྱཱོ་ཕྱེ།/རྒྱ་རེད་ཕྱེ།
- ཀིན་མར། (ཤིང་མར།)/བ་མར།
- ཨེ་ཕྱེ།
- ཚྭ།
- གསིག་མ། ཕྱེ་གསིག་ནིའི་དོན་ལུ་དགོཔ་ཨིན།
- སྤྱོད་/ཤིང་དོབ་/ཟངས་གཞོང་། ཕྱེ་བཏུད་ནིའི་དོན་ལུ་དགོཔ་ཨིན།
- ཚའེ་/ཟན་སྐྱ། ཕྱེ་བཏུད་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
- ཐབ། ཁྲོམ་ལྷོག་ནིའི་དོན་ལུ་དགོཔ་ཨིན།
- རྡོ་ཡུག་/ལྕགས་ཡུག། ཁྲོམ་ལྷོག་ནིའི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན།
- ཐིང་ངེ།

ཁྲོམ་བཟོ་ཐངས་འདི་ཡང་ གཤམ་གསལ་ལྟར་ཨིན།
- རྒྱ་རེ་ཕྱེ་དང་ ཡང་ན་ བྱཱོ་ཕྱེ་དེ་ རྒྱུ་འཝ་དང་ཤིང་ལས་བཟོ་བའི་ཧོད་ ངག་གཤིས་ནང་ལུ་སྤྱོད་ཟེར་མི་འདི་ནང་བླུགས།
- དེ་ལས་ ངག་གཤིས་ནང་ལུ་ཚའེ་ཟེར་སླབ་མི་ བཟོ་རྣམ་ཟན་སྐྱ་ལས་ཨ་ཙི་སྦོམ་སྦེ་ཡོད་མི་འདི་གིས་ ཆུ་དང་གཅིག་ཁར་སླ་བསྲེ་རྐྱབ་སྟེ་ སྐྱོ་མ་ (དཀར་ཅུ།) གར་ལྷ་རན་ཏོག་ཏོ་སྦེ་བཟོ།
- རྡོ་ཡུག་ཐབ་ཁར་དྲོད་བཏགས་ཏེ་ ཀིན་མར་ ཡང་ན་ མར་དབུར་ཞིནམ་ལས་ དཀར་ཅུ་ (སྐྱོ་མ།) སྒོ་ལང་གུར་བླུགས།
- དེ་དང་མཉམ་གཅིག་ ཚྭ་དང་། ཨེ་ཕྱེ། ཐིང་ངེ་ཚུ་ སྦྱོར་ཏེ་ཡོད་མི་འདི་ཡང་ དུས་མཉམ་བླུགས།
- དེ་ལས་ གཟན་སྐྱ་གིས་ཁ་སྙོམས་ཞིནམ་ལས་ གཡས་གཡོན་གྱི་མཐའམ་གཉིས་བལྟབ།
- ལ་ལས་འགྱུར་ཏེ་ཚོཔ་ཅིག་ གཡུས་སྐད་ནང་ ཚང་སྡེར་ཟེར་ རྒྱུ་ཚར་ལས་འཐག་འཐག་པའི་ཧོད་ཅིག་ཡོད་མི་དེ་ནང་བཏོན་ཏེ་བཟོཝ་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
ལྕང་བ་གཡུས་ཚན་ནང་ལུ་ ཁྱིམ་གུང་གྲངས་ ༡༣ དེ་ཅིག་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ཆགས་ཏེ་ཡོད་པའི་ཁར་ འཚོ་བ་གཙོ་བོ་སོ་ནམ་ཞིང་ལཱ་ལུ་བརྟེན་ཏེ་སྡོད་པའི་ཁར་ དངུལ་ཐོག་གཙོ་བོ་འདི་ ཀེ་བ་འདི་རང་ཨིན་རུང་ ལོ་ངོ་དག་པ་ཅིག་གི་ཧེ་མ་ལས་ གཞུང་ཞབས་ལས་ དབྱར་རྩ་དགུན་འབུཔ་འཐུ་སྟེེ་ ཚོང་འབྲེལ་འཐབ་ནིའི་གནང་བ་གནང་ཞིནམ་ལས་ དངུལ་གྱི་འོང་འབབ་དང་མི་ཚེ་འཚོ་སྐྱོང་ལུ་ ཁེ་ཕན་གནམ་སེད་ས་མེད་ཐོབ་སྟེ་ཡོདཔ་ལས་ འཚོ་བའི་གནས་སྟངས་ཡང་འགྱུར་བཅོས་སྦོམ་སོང་སྟེ་འདུག།

ཞིབ་འཚོལ་འབད་མི། ཚེ་རིང་དཔལ་འབྱོར། སྒྲིག་སློབ་གཙོ་འཛིན་འོགམ།
བརྡ་དོན་འབྱུང་ཁུངས།