ལམ་སྲོལ་ཆ་ཤས།

Elements

མ་ཁུར།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
བུམ་ཐང་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ནང་ རྫོང་ཁག་ཉི་ཤུ་ཡོད་པའི་གྲལ་ལས་ ག་ནི་བ་མཛེས་ཆ་དང་ལྡན་པའི་ཁར་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱིན་གྱིས་བརླབས་གནང་བའི་གནས་ མང་རབས་ཅིག་ཡོད་པའི་རྫོང་ཁག་ཅིག་ཨིན། དེ་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལས་ ཀི་ལོ་མི་ཀྲར་ ༢༦༨ ཡོད་པའི་ཁར་ ཉིན་ལམ་གཅིག་གི་འགྲུལ་ལམ་ཁར་ ཤར་ཕྱོགས་དང་དབུས་ཕྱོགས་རྫོང་ཁག་ཚུ་གི་བར་ན་ འགྲོ་འགྲུལ་འབད་སའི་ལམ་སྦུག་ལུ་ ག་ནི་བ་ཉམས་དགའ་ཏོག་ཏོག་སྦེ་ཆགས་ཏེ་ཡོདཔ་ཨིན། བུམ་ཐང་སྡེ་བཞིའི་ནང་ རྒེད་འོག་བཞི་ཡོད་མི་ཚུ་ཡང་ ཆོས་འཁོར་དང་། སྟང་། ཆུ་སྨད། ཨུ་ར་ཚུ་ཨིན་མས། སྟང་རྒེད་འོག་འདི་ བུམ་ཐང་རྫོང་ཁག་ལྟེ་བ་ལས་ ཀི་ལོ་མི་ཊར་ ༢༥ དེ་ཅིག་གི་ས་ཁར་ ལུང་གཤོང་དགའ་ཏོག་ཏོ་ཅིག་གི་ནང་ཆགས་ཏེ་ཡོད་པའི་ཁར་ ཨྱོན་ཆོས་གླིང་གཡུས་ཚན་འདི་ཡང་ སྟང་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་ ༧ དེ་ཅིག་གི་ས་ཁར་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་བྱིན་གྱིས་བརླབས་གནང་བའི་བྲག་ཆེན་བཞིའི་ནང་ལས་ སྟང་མཐོ་བ་བྲག་གི་གདོང་སྐོར་སྦེ་ སྤོག་ཏོ་ཅིག་གི་ཐོག་ཁར་ ག་ནི་བ་མཐོང་སྣང་ཆེ་ཏོག་ཏོ་ཅིག་གི་ས་ཁར་ ཆགས་སྟེ་ཡོད་པའི་ཁར་ དེ་ནང་ ཁྱིམ་གུང་ ༢༣ དེ་ཅིག་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་གནས་ཏེ་འདུག།
ངོས་བཟུང་འབད་བའི་ལོ།
༢༠༢༢
འགྲེལ་བཤད།
མ་ཁུར་བཟོ་ནི་འདི་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ནང་རྐྱངམ་གཅིག་མ་གཏོགས་ རྫོང་ཁག་དང་རྒེད་འོག་གཞན་ཁར་བཟོ་ནི་གི་སྲོལ་མེད་པའི་ཁར་ དེའི་ནང་དོན་ཉིད་ལས་ སྟང་རྒེད་འོག་ ཨྱོན་ཆོས་གླིང་གཡུས་ཚན་འདི་ནང་ མི་རབས་ལས་མི་རབས་བརྒྱུད་དེ་ གདོང་ཆང་དྲང་པའི་སྐབས་ སྤྲོ་སྟོན་གྱི་ཟས་རྡིག་ཤོས་ཅིག་སྦེ་ ལག་ལེན་འཐབ་སྟེ་འདུག། ལོ་ཐོག་ཀར་ལས་བཟོ་བའི་ལེ་དོ་འདི་ དུས་རྒྱུན་གྱི་བཞེས་སྒོ་སྦེ་ཟ་སྲོལ་མེད་རུང་ གཡུས་སྒོ་ནང་ ཕྱི་ལས་མགྱོནམོ་ བླམ་དང་དཔོན་ཁག་གཙོ་ཅན་ཚུ་བྱོན་པའི་སྐབས་ལུ་ གདོང་ཆང་དང་གཅིག་ཁར་ གཡུས་ཁའི་ཟས་གཙོ་ཅན་ཅིག་ཨིན་པའི་ཁུངས་སྦེ་ དུས་ཚོད་བཏོན་ཏེ་ར་བཟོ་ཞིནམ་ལས་ ཨིན་ཅི་མིན་ཅི་དྲངསམ་ཨིན་མས། དེ་མ་ཚད་ ལོ་གསར་དང་དུས་སྟོན་ ཚེས་བཅུ་དང་ཚོགས་འཁོར་ཚུ་གི་སྐབས་ལུ་ཡང་ བཟོ་ནི་ཡོད་པའི་ཁར་ མི་ཤིའི་སྐབས་ལུ་ཡང་ ཟས་བསྔོའི་གྲངས་སུ་ངེས་པར་དུ་བཟོ་སྟེ་བཀལཝ་ཨིན་མས། ཨིན་རུང་ དེའི་སྐབས་ ཇ་ཙམ་དང་ཟ་ནིའི་ཟས་སྦེ་དྲང་སྲོལ་མེདཔ་ཨིན་མས།

ང་བཅས་རའི་རྒྱལ་ཁབ་ཀྱི་རྫོང་ཁག་ ཉི་ཤུའི་ནང་ ས་གནས་ཀྱི་ཆགས་ཚུལ་དང་ ས་ཁ་མཐོ་དམའ་ དེ་ལས་ཚ་དྲོད་དང་བསྟུན་ཏེ་ ལོ་ཐོག་ཚུ་བཏབ་ནི་དང་བསྡུ་ནིའི་དུས་ཚོད་ཚུ་ཡང་ སོ་སོར་སྦེ་འོངམ་ཨིན། ད་རེས་ཞིབ་འཚོལ་འབད་སའི་ས་གནས་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ ཨྱོན་ཆོས་གླིང་གཡུས་ཚན་ནང་ ཀར་འདི་རང་ཟླ ༨ པའི་ཟླ་མཇུག་ཁམས་ལུ་བཏབ་སྟེ་ རང་ཟླ་ ༦ པ་དང་ ༧ པའི་ནང་བསྡུཝ་ཨིན་མས།
དོན་དག།
མར་ཁུར་འདི་གིས་ བུམ་རྫོང་ཁག་ སྟང་རྒེད་འོག་གི་ ངོ་རྟགས་སྟོན་པའི་ཁར་ མགྱོནམོ་ཚུ་ལུ་ གདོང་ཆང་གི་ཟས་རྡིག་ཤོས་ཅིག་སྦེ་བརྩིཝ་ཨིན་མས། ལེ་དོ་འདི་ གཙོ་བོ་ཕྱི་ལས་མགྱོནམོ་ཁག་ཆེ་ཏོག་ཏོ་ཚུ་བྱོན་པའི་སྐབས་དང་ ཁྱིམ་སྒྲུབ་འབད་ས། ལོ་གསར། དུས་སྟོན། ཚེས་བཅུ་དང་ ཚོགས་འཁོར་ལ་སོགས་པའི་སྐབས་ལུ་ ལག་ལེན་འཐབ་ཨིན་རུང་ མི་ཤིའི་སྐབས་ལུ་ཡང་བཟོ་སྟེ་ཟས་བསྔོ་སྦེ་བསྒྲིག་ནི་ཡོདཔ་ཨིན་མས། དེ་ཡང་ག་དེ་སྦེ་ཨིནམ་ཟེར་བ་ཅིན་ མི་ཤིའི་སྐབས་ལུ་ ཁྱིམ་ཚང་ག་ར་གིས་ ལེ་དོ་གྲངས་ ༤ རེ་རང་སོའི་སྦང་ཅུང་ནང་ལུ་འདེགས་ཞིནམ་ལས་ གཤིན་པོའི་ཕུངཔོ་གི་གདོང་ཁར་ཟས་བསྔོ་སྦེ་བཀལ་དགོཔ་མ་ཚད་ གཤིན་པོའི་ཉེ་ཚན་ཕོག་མི་ཨིན་པ་ཅིན་ ལེ་དོ་གྲངས་ ༦ རེ་བཀལ་དགོཔ་དང་ དེ་ཡང་ མེ་སྦྱང་འདི་མཇུག་བསྡུཝ་ཅིག་ མེ་སྦྱང་ནང་ལཱ་འབད་མི་ མི་ངོམ་བཞིའི་ཐོབ་སྐལ་སྦེ་ རང་སོའི་ཁྱིམ་ནང་འབག་སྲོལ་ཡོདཔ་ཨིན་མས།

མར་ཁུར་འདི་ མི་ཤིའི་སྐབས་ལུ་ ཕུང་པའི་གདོང་ཁར་ ཟས་བསྔོ་སྦེ་རྐྱངམ་ཅིག་བཀལ་ནི་མ་གཏོགས་ ཆོསཔ་དང་དམངས་ལུ་ དྲང་སྲོལ་མེད་ཟེར་བཤད་ནི་འདུག། དེ་གིས་སྐབས་ལུ་ དང་ཕུ་འབད་བ་ཅིན་ ཁྱིམ་ཚང་ག་ར་གིས་ ལྟོ་སྦང་ཅུང་གང་དང་ཆང་པ་ལང་གང་རེ་ མི་ཤིའི་རྩ་བོ་ལུ་བཀལ་སྲོལ་ཡོད་རུང་ ད་རེས་ནངས་པ་ ལྟོ་གཡོ་སྟེ་མིན་པར་ ཆུམ་སྦང་ཅུང་གང་དང་ ཆང་དམ་སྦྱིས་རེ་བཀལ་སྲོལ་ཡོད་ཟེར་བཤད་ནི་འདུག།
རྒྱུན་སྤེལ་ཐབས་རིག།
ཨྱོན་ཆོས་གླིང་གཡུས་སྒོ་འདི་ནང་ ལེ་དོ་ལག་ལེན་དང་ཟ་སྤྱོད་འདི་ དུས་དང་ཕུ་ལས་ར་ མི་རབས་ལས་མི་རབས་བརྒྱུད་དེ་ ཟ་སྤྱོད་འབད་དེ་འོང་བའི་སྤྲོ་ཟས་རྡིག་ཤོས་ཅིག་ཨིན་པའི་ཁར་ ཨཔ་མགོནམ་སྲིད་ཐུབ་དང་ ཨམ་སྐལ་བཟང་དབང་ཕྱུག་གཉིས་ལས་བརྒྱུད་པའི་བུམོ་ ད་རེས་སྐྱེས་ལོ་ ༦༤ ལང་མི་ ཨམ་ཨྱོན་མཚོ་མོ་གིས་ མོ་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ར་ གཡུས་སྒོའི་ལམ་སྲོལ་ཚུ་ ལྷབ་སྦྱང་འབད་ནི་ལུ་གཙོ་བོར་བཏོན་ཏེ་སྡོད་པའི་ཁར་ ལོ་ཐོག་ཚུ་བཏབ་ནི་དང་བསྡུ་ནིའི་དུས་ཚོད་ དེ་ལས་ ལག་ལེན་གྱི་རིམ་པ་ཚུ་ཡང་ ཕམ་ཚུ་ལས་ མ་བཏུབ་བཏུབ་སྦེ་ལྷབ་སྦྱང་འབད་དེ་ཡོདཔ་མ་ཚད་ མོ་རའི་བུམོ་ སྐྱེས་ལོ་ ༤༦ ལང་མི་ ཀརྨ་ཆོས་སྒྲོན་ལུ་ཡང་ དེའི་ལག་ལེན་དང་སྦྱང་བ་ཚུ་ ལེགས་ཤོམ་སྦེ་བྱིན་ཏེ་ ད་རེས་ གཡུས་སྒོ་འདི་ནང་ ཕྱི་ལས་མགྱོནམོ་ཆེ་འབྲིང་ཆུང་གསུམ་ ག་ར་བྱོན་རུང་ རང་ལུགས་བཞེས་སྒོ་ཚུ་ དུས་ནམ་དང་ནམ་རང་དགོ་རུང་ བཟོ་སྟེ་དྲང་ཆོག་ཆོག་སྦེ་སྡོདཔ་ཨིན་མས།

མར་ཁུར་བཟོ་བའི་སྐབས་ལུ་ དགོས་མཁོའི་ཅ་ཆས་དང་རྫས་སྦྱོར།
- རྗེན་ཕྱེ།
- མར་ཁུ།
- བུལ་དོ།
- གསིག་མ། ཕྱེ་གསིག་ནིའི་དོན་ལུ་དགོཔ་ཨིན།
- ཟངས་གཞོང་། ཕྱེ་བསྣད་ནིའི་དོན་ལུ་དགོཔ་ཨིན།
- ཐབ། མ་ཁུར་བརྔོ་ནིའི་དོན་ལུ་དགོཔ་ཨིན།
- རྫམ། མ་ཁུར་བརྔོ་ནིའི་དོན་ལུ་དགོཔ་ཨིན།
- སྦང་ཅུང་། མ་ཁུར་གྱི་བཟོ་རྣམ་བཟོ་ནིའི་དོན་ལུ་དགོཔ་ཨིན།

མར་ཁུར་བཟོ་ཐངས།
- ཀར་འདི་ དུས་ཚོད་དང་འཁྲིལ་ཏེ་བསྡུ་ཞིནམ་ལས་ ཕྱེ་ཐག་རནམ་ད་ ཆུ་འཁྱུ་སྟེ་ཉིམ་ནང་ཚར་ཅིག་བརྡལ་ཞིན་ན་ དང་ཕུ་འབད་བ་ཅིན་ ཆུ་རག་ནང་འཐགཔ་ཨིན་རུང་ ད་རེས་ནངས་པ་ འཕྲུལ་ཐག་ནང་འཐག།
- རྗེན་ཕྱེ་འདི་ གར་ཧོད་རན་ཏོག་ཏོ་བསྣད།
- མར་ཁུ་བཙགས་བཅད་བཅུག
- དེ་ལས་སྦང་ཅུང་གི་གཤམ་ལུ་མར་ཁུ་དབྱུར་ཏེ་ པུས་མོ་ཁར་བཀལ།
- དེ་གུར་ ཕྱེ་བསྣད་མི་འདི་ ཨ་ཁམས་སྦེ་ལེན་ཞིན་ན་བཀལ།
- ལགཔ་གཉིས་ཀྱིས་ཕར་ཚུར་ སྙོམས་ཏོག་ཏོ་སྦེ་འཐེན་ཡི་ར་ ཀེབ་ཏ་བཟུམ་བཟོ།
- དེ་ལས་ མར་ཁུ་ནང་བཙུགས་ཏེ་ ལ་ལས་བསྒྱུར་ཡི་ར་བརྔོ་ཞིནམ་ལས་བཏོན་དགོཔ་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
སྟང་ཨྱོན་ཆོས་གླིང་ གཡུས་སྒོ་འདི་ནང་ དུས་དང་ཕུ་འབད་བ་ཅིན་ བྱཱ་མི་འཚོ་ནི་འདི་གིས་ ལོ་ཐོག་བྱཱོ་དང་རྒྱ་རེད་ལས་ བཟོ་བའི་བཞེས་སྒོ་ ཁུར་བཱ་དང་པུ་ཏ་ ཁྲོམ་ལ་སོགས་པ་ཚུ་དང་ ཀར་དང་ནག་ལས་བཟོ་བའི་ ཀེབ་ཏང་དང་ ཇང་བུ་ལི་ དྲེན་སྒོང་ ཨ་ཁམ་ལ་སོགས་པ་ཚུ་ལུ་བརྟེན་ཏེ་སྡོདཔ་ཨིན་རུང་ ད་རེས་ནངས་པ་ ལུང་གཤོང་འདི་ནང་ཡང་ བྱཱ་འཚོ་དོ་ཡོད་པའི་ཁར་ ལྷག་པར་དུ་ རྒྱལ་ཁབ་ཀྱི་རྫོང་ཁག་གཞན་དང་ ཕྱིའི་རྒྱལ་ཁབ་ལས་འཐོན་པའི་ ཆུམ་གྱི་རིགས་ཚུ་ལུ་གཙོ་བོར་བསྟེན་ཏེ་ བཞེས་སྒོའི་གཙོ་བོ་ ལྟོ་འདི་རང་ཟཝ་ཨིན་མས།

སྟང་ཨྱོན་ཆོས་གླིང་གཡུས་ཚན་གྱི་མི་སེར་ཚུ་ འཚོ་བ་གཙོ་བོ་ཀེ་བ་དང་ ཀར་དང་ནག་ བྱཱོ་རྒྱ་རེད་ཚུ་ལུ་བརྟེན་ཏེ་སྡོདཔ་ཨིན་རུང་ ཚོད་བསྲེ་གི་རིགས་དང་ ཤིང་འབྲས་རིགས་ཚུ་ཡང་འཚོ་བའི་ཁར་ སྒོ་ནོར་གྱི་རིགས་ཚུ་ཡང་འཚོ་སྐྱོང་འཐབ་སྟེ་ག་ནི་བ་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་གནས་ཏེ་འདུག།

ཞིབ་འཚོལ་འབད་མི། ཚེ་རིང་དཔལ་འབྱོར། སྒྲིག་སློབ་གཙོ་འཛིན་འོགམ།
བརྡ་དོན་འབྱུང་ཁུངས།