ལམ་སྲོལ་ཆ་ཤས།

Elements

ཕྱུར་གོ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
རྒྱལ་ས་ལྟེ་བ་ལས་ ཧཱ་ལུ་འགྱོ་ནིའི་སྣུམ་འཁོར་གཞུང་ལམ་ དེ་ཡང་ ཆུ་འཛོམས་ལས་ ཟླ་བ་ཁ་བརྒྱུད་དེ་འགྱོ་མི་གཅིག་དང་ སྤ་རོ་འུ་ཆུ་ལས་ བཅད་རི་ལ་བརྒལ་ཏེ་འགྱོ་མི་ཁག་གཉིས་ཡོད། ཧཱ་གི་ལུང་གཤོང་འདི་ནང་ལྷོདཔ་ད་ རིགས་གསུམ་མགོན་པོ་གི་མཚོན་བྱེད་ཨིན་ཟེར་ རི་ཅོག་ར་འཐདཔ་གསུམ་མཇལ་ནི་ཡོད་པའི་ཁར་ དགྲ་ལྷ་ཁྱུང་བདུད་ཀྱི་ཆིབས་རྟའི་གཟུགས་བརྙན་ཨིན་ཟེར་ སྒང་གི་ངོས་ལུ་རྟའི་མགུ་ཏོག་གི་པར་ཡོད་ཅི་ཅིག་ཡང་མཐོང་ནི་འདུག། དེ་ལས་མཐོང་སྣང་གཞན་ཡང་ ཕྱི་ལས་ནགས་ཚལ་ཚུ་གིས་བསྐོར་བའི་སྦུག་ལུ་ རྫོང་གཞིས་གསར་རྙིང་དང་ ཁྲོམ་ཚོགས་ སློབ་གྲྭ་ ཁྲིམས་ཁང་དང་ རང་ལུགས་བཟོ་བཀོད་ལྡན་པའི་ཁྱིམ་གྱི་བཀོད་རིས་ཚུ་ མ་ཉམས་པར་སྔར་བཞིན་ཡོད་པའི་མཐོང་སྣང་ཚུ་ གནམ་ཁའི་སྐརམ་ས་ཁར་བབས་བབས་བཟུམ་སྦེ་ཁྲ་ཆེམ་ཆེམ་སྦེ་ ག་ནི་བ་མཛེས་ཆ་ལྡན་ཏོག་ཏོ་སྦེ་ཆགས་ཏེ་འདུག། ཧཱ་པའི་མི་སེར་ཚུ་གིས་བཤད་དོ་བཟུམ་འབད་བ་ཅིན་ ལུས་ལུ་ན་ཚ་དང་ སེམས་ལུ་སྡུག་བསྔལ་ཚུ་ག་ནི་ཡང་མེད་པར་ དགའ་སྐྱིད་ཐོག་ལས་གནས་ཏེ་ཡོད་མི་འདི་ རིགས་གསུམ་མགོན་པོའི་བཀྲིན་ལས་ཨིན་ཟེར་སླབ་ནི་འདུག། འདི་གིས་མ་དོ་བར་ ཁོང་གི་རྫོང་གཞིས་དང་ ལྷ་ཁང་ དགོན་སྡེ་ཚུ་ནང་ བྱིན་རླབས་ཅན་གྱི་སྐུ་གསུང་ཐུགས་རྟེན་ལེ་ཤ་ཡོད་པའི་ལོ་རྒྱུས་དང་ ཧཱ་གི་ཁྲོམ་ཚོགས་ནང་ལུ་ རང་ལུགས་ཀྱི་གྱང་ཁྱིམ་དང་ རྩིག་ཁྱིམ་རྐྱབ་མི་ཚུ་ ལོ་གཅིག་བ་ལོ་གཅིག་གོང་འཕེལ་འགྱོ་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ད་རེས་ཀྱི་གནས་སྟངས་འདི་གྱུར་བ་སྦོམ་རང་འགྱོ་སྟེ་ཡོད་ནི་འདི་གིས་ མ་འོངས་པ་ན་ཧཱ་གི་ལུང་གཤོང་ནང་ལུ་ མི་རློབས་ཡར་འཕེལ་འགྱོ་སྟེ་ ཁྱིམ་ཚུ་གིས་གང་ནི་ཨིན་པའི་ལོ་རྒྱུས་ཡང་བཤད་ནི་འདུག་ཟེར་ཞུ་ནི་ཨིན།
འགྲེལ་བཤད།
ཧཱ་པའི་་རུ་ཏོ། ཡང་ཅིན་ ཧཱ་པའི་ཕྱུར་གོ་ཟེར་མི་འདི་ འབྲུག་རྒྱལ་ནང་ཡོངས་གྲགས་ཅན་གྱི་ཟས་ཅིག་ཨིན། ཚེ་རིང་དཔལ་འབྱོར་གྱིས་ཨ་པ་ལུ་ ཕྱུར་ཤལ་བཟོ་ཐངས་ནམ་ལས་བྱུང་ཡི་ག་ཟེར་འདྲི་བའི་སྐབས་ ཨ་པ་གི་ཨ་པའི་སྐབས་ལས་ར་བཟོ་ནི་ཡོད་ཟེར་སླབ་མ་གཏོགས་ གཏན་འཁེལ་ཅིག་བཤད་ནི་མིན་འདུག་ཟེར་ཨིན་མས། ག་ལས་སྐོར་རུང་ དང་ཕུ་ལ་ནོར་ཡོད་མི་ཚུ་གིས་ ཕྱུར་ཤལ་བཟོཝ་ངེས་བདེན་ཨིནམ་ཁོ་གིས་ཧ་གོ་ཡི་ཟེར་སླབ་ཨིན་མས། ཧཱཔ་ཚུ་གིས་ཕྱུར་གོ་ལུ་ ཕྱུར་ཤལ་ཟེར་སླབ་ནི་མ་གཏོགས་ ཕྱུར་གོ་ཟེར་སླབ་ནི་ལུ་དར་ཁྱབ་མ་འགྱོ་བར་འདུག་ཟེར་ཨིན་མས། ཨིན་རུང་ ཧཱ་པའི་ཕྱུར་གོ་དང་ ཧཱ་པའི་རུ་ཏོ་ཟེར་ ཤར་ཝང་སྤ་གསུམ་གྱི་མི་ཚུ་གིས་ སླབ་ནི་ལུ་ཡོངས་གྲགས་ཐལ་སོ་ནུག་ཟེར་ལོ་རྒྱུས་བཤད་ནི་འདུག།

ཕྱུར་ཤལ་ཟེར་མི་འདི་ ལ་ནོར་གྱི་ཨོམ་ ཐབ་ཁར་བཀལ་ཏེ་བསྐོལ་ཞིན་ན་ ཨོ་འཁོལ་མ་འཁོལཝ་ཅིག་ནང་ ཞོ་བླུགཔ་ད་ཨོ་ཞོ་དར་ཚི་བཟུམ་འགྱོཝ་ཨིན་མས། དེ་རས་ཅིག་ནང་བླུགས་ཏེ་ ཆུ་བཙིར་བཀོ་ཞིནམ་ལས་ རྡོ་ལེབ་གཉིས་ཀྱི་བར་ན་ཨེབ་སྟེ་ཕྱུར་ལེབ་སྦེ་བཟོ་མི་འདི་ དྲ་ཞིན་ན་ཤལ་སྦེ་བརྒྱུ་མི་ལུ་ ཕྱུར་ཤལ་ཟེར་སླབ་ཨིན། དེ་ལས་ ཐ་དྲ་ཟེར་མི་འདི་ ཕྱུར་ཤལ་ཁམ་ཏོ་སྦེ་དྲ་ཞིནམ་ལས་ ཇ་ཐང་ནང་བཙུགས་ཏེ་ཚོས་གཞི་དམརཔོ་སྦེ་བཟོ་མི་འདི་ལུ་སླབ་ཨིནམ་དང་ རྟ་ཆུ་ཟེར་མི་འདི་ ཕྱུར་ཤལ་དཀྱུས་རིང་གྲུ་བཞི་ ཁམ་ཏོ་སྦེ་དྲ་སྟེ་ ཨོམ་ནང་བཙོ་ཞིནམ་ལས་ ཁ་དོག་དཀརཔོ་སྦེ་བཏོན་མི་འདི་ལུ་སླབ་ཨིན།

ཕྱུར་ཤལ་འདི་ཧཱ་རྫོང་ཁག་གི་མངའ་འོག་ལུ་ ལ་ནོར་ཡོད་མི་ཚུ་གི་བཞེས་སྒོ་ཨིནམ་མ་ཚད་ ཕྱུར་ཤལ་ཡང་ ལ་ནོར་དང་མཐའ་ནོར་གྱི་ཨོམ་ལས་བཟོཝ་ཨིན། ཕྱུར་ཤལ་འདི་བཟོ་རྣམ་ གྲུ་བཞི་ལེབ་ཏ་དང་། གྲུ་བཞི་ཁམ་ཏོ། གྲུ་བཞི་དཀྱུས་རིང་སྦེ་ཡོདཔ་མ་ཚད་ ཚོས་གཞི་ཡང་ གནགཔོ་དང་། དམརཔོ། དཀརཔོ་སྦེ་བཟོ་བའི་ཁར་ དེང་སང་གི་གནས་སྟངས་དང་འཁྲིལ་ཏེ་ གྲུ་བཞི་ལེབ་ཏ་ཆུང་ཀུ་འབད་ཞིན་ན་ སྲབ་འཕྲོས་འཕྲོས་སྦེ་བཟོ་སྟེ་ རང་ཟ་ནི་དང་ གཞན་ལུ་བཙོང་ནི། ཁྱོསམ་ཕྱག་མཇལ་ཕུལ་ནི། ཕར་ཚུར་ལག་རྟགས་བསྐྱལ་ནི་ཚུ་གི་དོན་ལུ་ཡང་བཟོཝ་ཨིན་མས། ཕྱུར་ཤལ་འདི་ དང་ཕུ་ལ་ནོར་གྱི་ཨོམ་གྱི་བཟོཝ་ཨིན་རུང་ དེང་སང་སྒོ་ནོར་སེམས་ཅན་གྱི་ཨོམ་གྱི་ཡང་བཟོ་དོ་ཡོདཔ་ཨིན།


དོན་དག།
ཕྱུར་ཤལ་མར་བརྔོ་གི་བྲོཝ་འདི་གིས་ ཧཱ་པའི་ལ་གུང་གསུམ་གྱི་སྡེ་གསལ་སྟོན་འབད་ཚུགསཔ་མ་ཚད་ ཡུལ་གོང་མ་ལུ་ཚོགས་དང་ཕུལ་ཆ་བཏུབ་པའི་ཁར་ ལྟ་ལྟོ་ཚང་དང་འཆམ་མཐུནམ་ཚུ་ལུ་ཁྱོསམ་སྦེ་བསྐྱལ་བཏུབ་ཨིན།

རྒྱུན་སྤེལ་ཐབས་རིག།
བསོད་ནམས་དབང་ཕྱུག་གིས་བཤད་དོ་བཟུམ་འབད་བ་ཅིན་ ཁོ་རང་ལོ་ངོ་ ༢༠ ལས་ ཨཔ་དང་མཉམ་ཅིག་ ལ་ཁ་ལུ་གཡག་འཚོ་སྟེ་སྡོད་པའི་བསྒང་ཨོམ་བཞོ་ནི་དང་ ཨོམ་བསྐྱོར་ནི་ ཕྱུར་ཤལ་བཟོ་ནི་ཚུ་ག་ར་ཨཔ་ལས་ ལྷབ་ཡོདཔ་སྦེ་བཤད་ཨིན་མས།

རྒྱལ་ཁབ་གོམ་པ་མདུན་དུ་སྤོ་བའི་ནམ་དུས་ལུ་ ལ་ནོར་འཚོ་སྡོད་མི་ཕམ་ཆ་ཁྱབ་ཀྱིས་ ཁོང་རའི་བུ་གཞི་ཚུ་ ཁོང་ར་བཟུམ་སྦེ་ དཀའཝ་སྤྱད་མི་དགོ་པར་ མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་ མཐར་འཁྱོལ་བཅུག་ནིའི་རེ་འདོད་བསྐྱེད་དེ་ གཡུས་སྒོ་དང་ཁྲོམ་ཁ་ལས་ཕར་ ཤེས་ཡོན་སྦྱང་བཅུག་ཞིནམ་ལས་ རྒན་རྒས་ཚུ་ ལ་ནོར་འཚོ་སྟེ་སྡོད་དོ་ཡོདཔ་ཨིན་མས། ལ་ལུ་གིས་ ལ་ནོར་ཚུ་གླ་ཁར་སྤྲོད་དེ་ འཚོ་བཅུག་དོ་ཡོདཔ་ལས་བརྟེན་ ཕྱུར་ཤལ་དང་། ཐ་དྲ། རྟ་ཆུ། ཕི་ལུ། དར་ཚི་མར་བརྔོ་ཚུ་ ནོར་རྫིཔ་རྐྱང་གཅིག་གིས་བཟོ་དོ་ཡོདཔ་ལས་ མ་འོངས་པ་ལུ་རྒྱུན་སྐྱོང་སྤེལ་མ་ཚུགས་པའི་ཉེན་ཁག་སྦོམ་སྦེ་འདུག།

ཨིན་རུང་ ད་རེས་ནངས་པ་ འབྲུག་གཞུང་གི་གྲོགས་རམ་དང་ རྒྱབ་སྐྱོར་ཐོག་ལས་ ཇར་སི་བཀྲམ་སྤེལ་འབད་དེ་ཡོད་མི་འདི་ འཚོ་སྐྱོང་ལེགས་ཤོམ་སྦེ་འཐབ་སྟེ་ ཨོམ་བཞོ་ཞིནནལས་ ཕྱུར་ཤལ་དང་། ཕི་ལུ། དར་ཚི་མར་བརྔོ་སོགས་ འདྲ་མིན་སྣ་ཚོགས་བཟོ་སྟེ་ བཀྲམ་སྤེལ་འབད་དང་འབད་བཞིན་དུ་འདུག་ཟེར་ཞུ་ནི་ཨིན།


ཕྱུར་ཤལ་བཟོ་ཐངས།
- ཨོམ་བཞོ་ཞིན་ན་རས་གཅིག་ནང་བཙགས་ཏེ་བླུགས།
- ཨོམ་བཀྱོག་
- མར་བཏོན།
- ཨོ་ཞོ་བསྐོལ།
- ཨོ་ཞོ་འཁོལ་མ་འཁོལཝ་ཅིག་ནང་ ཞོ་བླུགས།
- ཨོ་ཞོ་ཤི་སྟེ་ དར་ཚི་བཟུམ་འགྱོ་ཞིནམ་ལས་ སྐར་མ་ ༡༥ དེ་ཅིག་བཙོ།
- ཀ་ལ་རྫམ་གྱི་ཐོག་ཁར་ ཆུ་བཙགས་ ཡངན་ ཇ་བཙག་གྲུ་བཞི་བཞག་སྟེ་ དེའི་ཁ་ལས་ ལྟོ་རས་ཁ་གང་གྲུ་བཞི་སྤྲིངས་པའི་ཁ་ལུ་ ཕྱུར་གོ་བླུགས་ཏེ་ ཆུ་འཛག་བཅུག།
- ལྟོ་རས་ཁ་བསྡམས་ཏེ་སྤུས་ཙ་སྦེ་བཙིར།
- ཕྱུར་གོ་བཙིར་མི་འདི་ ལྟོ་རས་ནང་གྲུ་བཞི་བཟོ་ཞིནམ་ལས་ རྡོ་ལེབ་གཉིས་ཀྱི་བར་ན་བཙུགས་ཏེ་ ལྗིད་ཚད་སྲང་ ༢༠ དེ་ཅིག་གི་རྩིས་ཀྱིས་ཨེབ་བཞག།
- དེ་གི་ནངས་པ་དྲོ་པ་ རྡོ་ལེབ་འོག་ལས་བཏོན་ཞིནམ་ལས་ ལ་ལུ་ ཕྱུར་གོ་གྲུ་བཞི་ཀེབ་ཏ་དང་ ལ་ལུ་ ཁམ་ཏོ་སྦེ་བཟོ། ལ་ལུ་ཅིག་ དཀྱུས་རིང་གྲུ་བཞི་སྦེ་དྲ།
- དེ་ལས་ སྐུདཔ་འཁལ་ཞིནམ་ལས་ ཕྱུར་གོ་ཤལ་བརྒྱུ་དགོ།
- སྦ་གིས་དྲྭ་ཕྱེད་གྲུ་བཞི་སྦེ་འཐག་སྟེ་ དེའི་ཐོག་ཁར་ཕྱུར་གོ་བཀྲམ་ཏེ་བརྡལ་ཞིནམ་ལས་ མེའི་དུ་པ་ནང་བསྐམ་ནི་དང་ ཡང་ན་ ཐབ་གུ་ལས་དཔྱངས་བཞག་ཞིན་ན་ དུ་པ་ནང་བསྐམ་དགོ།

ཕྱུར་ཤལ་བཟོཝ་ད་ དགོས་མཁོའི་ཅ་ཆས་དང་རྫས་སྦྱོརཚུ་ཡང་
- ཨོམ།
- ཞོ།
- ཀ་ལ་རྫམ། ཨོ་ཞོ་བསྐོལ་ནིའི་ཧོད།
- རྡོབ་ ཨོམ་བཞོ་ནི་དང་ འདེགས་ནིའི་ཧོད།
- ཨོ་ཟོམ། ཨོམ་དཀྱོག་ནིའིཧོད།
- རས། དར་ཚི་ཆུ་བཙིར་ནིའི་ཁ་ཤ།
- ཨེན་ཏ། དར་ཚི་བར་ན་ལྟེབ་ནིའི་དོན་ལུ།
- རྡོ་ལེབ། དར་ཚི་ཆུ་བཅིར་ཏེ་ ཨེབ་བཞག་ནི།
- ཀ་ཀྲ་ལ། ཕྱུར་ཤལ་དྲ་ནི།
- ཨེན་ཙི། ཕྱུར་ཤལ་དྲ་ནི་གདན།
- རྒྱུ་ཤིང་། ཕྱུར་ཤལ་དོང་བཏོན་ནི།
- ཐགསཔ། ཕྱུར་ཤལ་བརྒྱུ་ནིའི་ཐགསཔ།
- དུ་པ། ཕྱུར་ཤལ་བསྐམ་ནིའི་མེའི་དུ་པ།
- སྦ་གི་དྲྭ་ཕྱེད་གྲུ་བཞི། ཕྱུར་ཤལ་བསྐམ་ནི་ཅ་ཆས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཧཱ་གི་ཁྲོམ་ལས་ དམ་ཐང་གི་སྣུམ་འཁོར་ལམ་བདའ་སྟེ་འགྱོ་ཞིནམ་ལས་ ཁྱུང་བདུད་ཤིང་དྲ་ཁང་གི་ཟུར་ལས་སྦེ་ ཁྱུང་བདུད་སློབ་གྲྭ་ལྟེ་བ་ལས་ཐོན་ཏེ་ སྟག་ལུང་གཡུས་ཚན་ནང་ལུ་ལྷོདཔའི་བསྒང་ གཡུས་ཚན་འདི་གངས་རི་བསྐོར་བའི་ལུང་གཤོང་ནང་ལུ་ ཁྱིམ་གུང་པ་ ༨༠ ཐམ་པ་གིས་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་གཉིས་མ་རྐྱབ་སྟེ་ མཛེས་ཆ་དང་ལྡན་པའི་ཁར་ དང་ཕུ་ཧཱ་པའི་མི་སེར་ཚུ་གིས་ འཚོ་བ་སྒོ་ནོར་དང་ ལ་ནོར་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ སོ་ནམ་ཞིང་ལཱ་ལུ་གཙོ་བོར་བཏོན་ཏེ་ ཀར་དང་ ནག་ ཀེ་བ་ ཚོད་བསྲེའི་རིགས་ཚུ་ ལག་ལེན་འཐབ་སྟེ་འཚོ་སྐྱོང་འབད་དོ་ཡོདཔ་ཨིན་མས། ཨིན་རུང་ ཁོང་ཁྱིམ་གུང་པ་ ༨༠ ཐམ་པ་ཡོད་ས་ལས་ ལ་ནོར་ཡོད་མི་ ཁྱིམ་གུང་པ་ ༢༠ དེ་ཅིག་གི་རྩིས་ཡོད་ཟེར་བཤད་ནི་འདུག།

ཧཱ་རྫོང་ཁག་གི་འོག་ལུ་ གཡུས་ཚན་ལེ་ཤ་ཡོད་པའི་གྲས་ལས་ སྟག་ལུང་གཡུས་ཚན་ནང་ལུ་ ཚོང་འབྲེལ་གཙོ་བོ་ར་ སྒོ་ནོར་དང་ ལ་ནོར་ལུ་བརྟེན་ཏེ་ ཨོམ་དང་། མར། དར་ཚི། ཕྱུར་གོ། ཕི་ལུ། ཕྱུར་གོ་སྒོར་སྒོརམ། ཕྱུར་ཤལ་རིགས་མ་འདྲཝ་ཚུ་བཟོ་སྟེ་ ཚོང་འབྲེལ་འཐབ་ཨིན་མས། ལ་ལུ་གིས་ཀེ་བ་དང་། འདབ་མ་ཀོ་པི། མེ་ཏོག་ཀོ་པི། ཚོད་བསྲེ་གི་རིགས་གཞན་དང་། ལ་ལུ་གིས་ ཁོང་རའི་གཡུས་ཁ་ལས་ཐོན་པའི་འབྲུ་སྣ་ ཀར་ཕྱེ། ནག་ཕྱེ། རྒྱ་རེད། བྱཱོ་ལ་སོགས་པ་ཚུ་ ཚོང་འབྲེལ་འཐབ་པའི་བསྒང་འདུག་ཟེར་ཞུ་ནི་ཨིན།


ཞིབ་འཚོལ་འབད་མི། ཚེ་རིང་། སྒྲིག་སློབ་གཙོ་བོ།
བརྡ་དོན་འབྱུང་ཁུངས།