ལམ་སྲོལ་ཆ་ཤས།

Elements

སྦོ་ཁོག་མས་ཁུར།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
སྤུངས་ཐང་ཁ་རྫོང་ཁག་ནང་ རྒེད་འོག་ ༡༡ ཡོད་ས་ལས་ རྫོང་ཁག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ ༡ གི་རིང་ལུ་ སྣུམ་འཁོར་ནང་འཛུལ་འགྱོཝ་ད་ ས་གཞི་གསེར་གྱི་གཞོངམ་དང་འདྲཝ་སྦེ་ ཆགས་ཏེ་ཡོད་པའི་ཤེལ་རྔ་སྦྱིས་མེད་རྒེད་འོག་ལྟེ་བ་འདི་ནང་ལྷོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༢༨༤ དང་ མི་རློབས་འབད་བ་ཅིན་ ༡༢༥༧ དེ་ཅིག་ཡོདཔ་དང་ རྒེད་འོག་འདི་གིས་ བྱང་ཕྱོགས་ལུ་སྟོད་ཝང་རྒེད་འོག་དང་། ལྷོ་ཕྱོགས་ལུ་ གླིང་མུ་ཁ་རྒེད་འོག་དང་ དབང་འདུས་ཕོ་བྲང་རྫོང་ཁག། དེ་ལས་ ནུབ་ཕྱོགས་ལུ་ འཛོམས་མི་རྒེད་འོག་གི་ས་མཚམས་ཚུ་དང་ཅིག་ཁར་མཐུད་དེ་ཡོདཔ་ཨིན། རྒེད་འོག་འདི་ནང་ ས་ཆ་བརྒྱ་ཆ་ ༦༠ དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་དང་ རྒྱ་ཆ་ ༣༠ དེ་ཅིག་ ཆུ་ཞིང་སྦེ་ཟ་སྤྱོད་འབདཝ་ཨིན་མས། གཡུས་ཚན་མང་རབ་ཅིག་ སྤྱི་འོག་ལྔ་ནང་འགོ་བཀྲམ་འབད་དེ་ཡོདཔ་དང་ ཁུབ་སྦྱིས་ཚོགས་ས་སྤྱི་འོག་གི་ དགའ་ར་ཚོགས་ས་གཡུས་ཚན་འདི་ རྒེད་འོག་ལྟེ་བ་གི་ཉེ་འདབས་ལུ་ཆགས་ཏེ་ཡོདཔ་ལས་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་འབྱུང་དོ་ཡོད་པའི་ཁར་ གཡུས་སྒོ་འདི་ཁར་ འབྲུ་སྣ་དགུའི་རིགས་ཚོ་དོ་ཡོདཔ་ཨིན་རུང་ གཡུས་མི་ཚུ་གི་འཚོ་བ་གཙོ་བོ་འདི་ ཆུམ་དང་ ཆུམ་གྱི་ཐོན་བསྐྱེད་མཛརཝ་དང་། མས་ཁུར། དེ་ལས་ ཚོད་བསྲེ་ཚུ་ལུ་བརྟེན་ཏེ་ རང་མགོ་རང་འདྲོང་སྦེ་སྡོད་ཡོདཔ་ཨིན་མས། སྦོ་ཁུག་མས་ཁུ་འདི་ ཡོངས་གྲགས་ལུ་ སྤུ་ན་ཁ་རྫོང་ཁག་ ཤེལ་རྔ་སྦྱིས་མེད་རྒེག་འོག་གི་གཡུས་སྒོ་ ཁག་གི་མི་སེར་ག་ར་གི་ དུས་དང་ཕུ་ལས་ར་ ཡོངས་གྲགས་སྦེ་ བཟོ་སྲོལ་ཡོདཔ་ཨིན་རུང་ ཚོང་སྒྱུར་གྱི་དོན་ལུ་མིན་པར་ རང་སོའི་ལོ་ཆོག་རནམ་ད་རྐྱངམ་གཅིག་ བཟོ་སྲོལ་ཡོདཔ་ཨིན་རུང་ ཨམ་སངས་རྒྱས་དབང་མོ་གིས་འབད་བ་ཅིན་ ད་རེས་ནངས་པ་ གནམ་བྱར་ལྕང་ལཱ་རྐྱབ་སྟེ་ བྱཱ་ལཱ་འབདཝ་ད་དང་ གནམ་དགུན་ལུ་ མས་ཁུར་བཟོ་ཞིནམ་ལས་ ཚོང་སྒྱུར་འཐབ་སྟེ་ མོ་རའི་བཟའ་ཚང་གིས་འཚོ་བ་སྐྱོངམ་ཨིནམ་མ་ཚད་ ཨ་ལུ་སློབ་གྲྭ་ནང་གཏང་ནིའི་ཟད་འགྲོ་ཚུ་ཡང་ འདི་ཁ་ལས་བཏོན་དོ་ཟེར་་ཨིན་མས། འདི་བཟུམསྦེ་ ད་རེས་ནངས་པ་ཚོང་འབྲེལ་གྱི་དོན་ལུ་ ས་གོ་གཞན་ རྟ་ལོག་ནོརབུ་སྒང་དང་། ལོག་པའི་ས། སྟོད་པའི་ས་གི་ས་གནས་ནང་ལས་ཕར་ཡང་བཟོ་དོ་ཡོདཔ་ཨིན་མས།
འགྲེལ་བཤད།
སྦོ་ཁོག་མས་ཁུར་འདི་ལུ་ ལུང་པའི་ངག་བཤད་ལས་ སྦོ་ཁུ་མས་ཁུ་ཟེར་སླབ་སྲོལ་དར་ཁྱབ་འགྱོ་སྟེ་ཡོདཔ་ཨིན། མས་ཁུ་འདི་ ཆུམ་གྱི་རིགས་ཚུ་ ཕྱེ་ཐག་འདི་ བཟོ་རྣམ་ ཐད་སྒོར་སྒོར་འབད་ མར་ཁུ་ནང་ བརྔོཝ་ད་ སྦོ་དོ་ཡོདཔ་ལས་ སྦོ་ཁོག་ཟེར་སླབ་ཨིན། སླབ་ཚུལ་གཅིག་ལས་འབད་བ་ཅིན་ ཨམ་སྲུ་ཨ་ལོ་ཆགས་ཡོད་མི་ཚུ་ལུ་ཡང་ གཟུགས་སྦོ་ཁོག་ཟེར་ སླབ་སྲོལ་ཡོད་མི་ལས་ བརྟ་དྲངས་ཏེ་ མས་ཁུ་འདི་ལུ་ཡང་ སྦོ་ཁོག་ཟེར་སླབ་སྲོལ་ཡོདཔ་སྦེ་བཤད་ཨིན་མས།

སྦོ་ཁོག་མས་ཁུ་ཟེར་མི་འདི་ ཆུམ་གྱི་རིགས་ཚུ་ ཕྱེ་ཐག་འདི་གི་འབད་ བཟོ་ཡོད་པའི་ ཇ་ཙམ་གྱི་རིགས་ཅིག་ལུ་སླབ་ཨིན། སྦོ་ཁུག་མལ་ཁུ་ཟེར་སླབ་དགོས་མི་འདི་ མས་ཁུ་འདིའི་བཟོ་རྣམ་ ནང་ཁོག་སྟོངམ་འབད་ཡོད་པའི་ཁར་ སྦོ་དེ་ཡོདཔ་ལས་ སྦོ་ཁོག་ཟེར་སླབ་ཡོདཔ་དང་ མས་ཁུ་སྦོ་ཁུ་འདི་ ལོ་གསར་དང་ཉིན་ལོག་གི་སྐབས་ལུ་ ཚོགས་རྫས་ཀྱི་ཡན་ལག་ཅིག་འབད་བསྒྲིགས་སློལ་ཡོད་པའི་ཁར་ ཇ་རྩམ་གྱི་ལྷམ་པ་སྒྲིག་ཡོད་པའི་ གྲས་ལས་ ཇ་རྩམ་རྡིག་ཤོས་ཅིག་འབད་ ལག་ལེན་འཐབ་ཨིན། མས་ཁུ་འདི་ དུས་དང་ཕུག་འབད་བ་ཅིན་ ལོ་བསྟར་ལོ་མཆོད་ཀྱི་སྐབས་ལུ་ ཨམ་སྲུ་ ལྔ་ལྔ་དྲུག་དྲུག་སྦེ་ སྡེ་ཚན་བཟོ་སྟེ་ ཉིན་བསྐོར་རྐྱབ་སྟེ་ ལོ་མཆོད་ཉིནམ་༣་བཏང་སྲོལ་ཡོད་ས་ལས་ ཉིནམ་དང་པམ་ གཏོར་བཞེངས་སྐབས་ ཉིནམ་གཅིག་གི་རིང་ལུ་བཟོཝ་ཨིན་མས། ཨིན་རུང་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ འཕྲུས་ཆས་ཚུ་ལེ་ཤ་འཐོན་ཡོདཔ་ལས་ མི་གཅིག་གིས་ཡང་བཟོ་དོ་ཡོདཔ་ཨིཔ་མས།

སྦོ་ཁུ་མས་ཁུར་བཟོ་ཐངས།
- ངངམ་བྱཱ་དང་ རྟ་མགྲིན་ཚེ་རིང་ ཆུམ་གང་རུང་ ཞག་གཅིག་ ཆུ་ནང་སྦང་བཞག་ཞིནམ་ལས་ ཆུ་བཙགས་ཏེ་ ཧིའུ་ནང་བརྡུང་མི་འདི་ལུ་ བབས་ཕྱེ་ཟེར་སླབ་ཨིན། བབས་ཕྱེ་འདི་ གསིག་མ་ནང་གསིག་སྟེ་ ཕྱེ་འཇམ་ལྕུག་ཅུ་བཟོ་དགོ།
- བབས་ཕྱེ་ནང་ལུ་ ཚྭ་དུམ་གྲ་ཅིག་བཏབ་སྦེ་ ཟངས་གཞོང་ནང་བླུགས་བཞག་དགོ།
- དེ་ལས་ ཐབ་ཁར་ཆུ་འཁོལ་བཅུག་ཞིནམ་ལས་ ཟང་གཞོང་འདི་ནང་བླུགས་ཏེ་ བསྣད་མི་འདི་ལུ་སྤགས་ཟེར་སླབ་ཨིན།
- སྤགས་འདི་ ལགཔ་གཉིས་ཀྱིས་ བཤུགས་སྦེ་བསྣད་དེ་ མཉེན་ཏོང་ཏོ་འགྱོཝ་ད་ ཁམ་ཚད་སྦེ་སྤོག་ཞིནམ་ལས་ གོང་ཏོ་རིལ་རི་སྦེ་བཟོ་དགོ།
- ཚད་གཞི་རན་ཏོག་ཏོ་སྦེ་ ལགཔ་གཉིས་ཀྱིས་བར་ན་ ཐལ་རྩེད་རྐྱབ་སྟེ་ སྲབ་འཕྲོས་འཕྲོས་དང་ སྒོར་སྒོར་སྦེ་བཟོ་ཞིནམ་ལས་ ཐབ་ཁར་མར་ཁུ་ བཙག་བཅད་ཡོད་མི་འདི་ནང་ བཙུགསཞིནམ་ལས་ རེ་རེ་སྦེ་བརྔོ་དགོ།
- བརྔོ་བའི་སྐབས་ལུ་ སྲབ་འཕྲོས་འཕྲོས་སྦེ་བཟོ་བཟོཝ་འབད་ནི་འདི་གིས་ མར་ཁུ་ནང་བཙུགསཔ་ཅིག་ ཡུན་རིངམོ་སྦེ་བཞག་མ་དགོ་པར་ ལ་ལས་བསྒྱུར་ཡི་ར་བཏོན་དགོཔ་ཨིན།
- སྤྱིར་བཏང་ རང་སོའི་གཡུས་སྒོ་ལས་འཐོན་པའི་ ངངམ་བྱཱ་ཆུམ་དང་ རྟ་མགྲིན་ཚེ་རིང་གི་ཆུམ་ཚུ་ལས་བཟོ་མི་འདི་ མིང་གཏམ་ཆེ་ཤོས་དང་ ཞིམ་ཤོས་ཅིག་སྦེ་བརྩི་དོ་ཡོད་རུང་ ད་རེས་ནངས་པ་ རྒྱ་ལས་འཐོན་པའི་ཆུམ་དང་ཚུ་ལས་བཟོ་སྟེ་བཙོང་དོ་ཡོདཔ་ཨིན་མས། དེ་མ་ཚད་ ཧེ་མའི་དུས་ལུ་ མར་ཁུ་ཡང་ཁོང་རའི་གཡུས་སྒོ་ལས་འཐོན་པའི་ སྤང་རྩེ་མར་ཁུ་ནང་ བརྔོ་བའི་སྲོལ་ཡོད་རུང་ ད་རེས་ནངས་པ་ ག་ར་རྒྱ་ལས་ཐོན་པའི་མར་ཁུ་ཚུ་ནང་ བརྔོ་སྟེ་བཟོཝ་ཨིན་མས།
དོན་དག།
མས་ཁུར་འདི་ དང་པ་དཀོན་མཆོག་གསུམ་ལུ་ མཆོད་པ་ཕུལ་ནིའི་ཟས་ཅིག་ཨིནམ་མ་ཚད་ དུས་དང་ཕུ་ལས་ར་ གོངམ་བླམ་དང་དཔོན་ཚུ་ མཇལ་བ་འགྱོ་བའི་སྐབས་ ཕྱག་མཇལ་སྦེ་ སྤུངས་ཐང་ཁའི་མས་ཁུར་འདི་ ཕུལ་སྲོལ་ཡོད་པའི་ཁར་ རང་གི་གཉེན་ཉེཝ་གྱི་ལམ་འཇུག་སྦེ་ཡང་རྐྱབ་སྲོལ་ཡོདཔ་ཨིན། སྤྱིར་བཏང་མས་ཁུར་འདི་ ཕམ་སྤུན་ཆ་ཚུ་འཛོམས་པའི་སྐབས་ ལཱ་ཁག་སྦེ་བཟོ་སྟེ་ སྤྲོ་ཟས་དང་ཇ་རྩམ་སྦེ་ཡང་ ཟཝ་ཨིན་མས། ལྷག་པར་དུ་ ལུང་ཕྱོགས་ཀྱི་ལུགས་སྲོལ་ལས་ ལོ་ཆོག་མཇུག་བསྡུ་སྟེ་ ཐག་རིང་ས་ལས་འོང་མི་མགྱོནམོ་དང་ སྤུན་ཆ་ཚུ་ལོག་འགྱོཝ་ད་ ཁོང་ཚུ་ལུ་ལམ་འཇུག་དང་ སྤུན་ཆ་གཞན་ རང་གི་གཉེན་ཉེ་འཁོར་ ཉེ་ཚན་ཚུ་ལུ་ ལོ་ཆོག་གི་སྐལཝ་ཟེར་ མས་ཁུར་དང་ ཆུམ་ཚུ་ བསྐྱལ་གཏང་སྲོལ་ཡོདཔ་ཨིན་མས།

མས་ཁུར་བཟོཝ་ད་ དགོས་མཁོའི་ཅ་ཆས་དང་རྫས་སྦྱོར།
- མར་ཁུ།
- བབས་ཕྱེ།
- ཀ་ལ་རྫམ། ཐབ་ཁར་ཆུ་བསྐོལ་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
- ཟངས་གཞོང་། ཕྱེ་བསྣད་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
- སྦ་ཟེ། མས་ཁུར་འདེགས་ནིའི་ཧོད།
- ལུདཔ། མས་ཁུར་འདེགས་ནིའི་ཧོད།
རྒྱུན་སྤེལ་ཐབས་རིག།
མས་ཁུར་འདི་ གཡུས་སྒོ་ནང་སྡོད་མི་ མི་རིགས་ཡོད་རིགས་ཡོད་ཚད་ཀྱི་བཟོ་ནི་ལུ་ ལཱ་ཁག་ཡོདཔ་དང་ དེ་ཡང་ ཕ་མའི་ལམ་སྟོན་དང་ རང་རྐྱང་གི་དང་འདོད་དང་འཁྲིལ་ཏེ་ བཟོ་ཐངས་ལྷབ་དགོ་པའི་ སྒྱུ་རྩལ་ཅིག་འབད་བ་ལས་ དང་པ་རང་གི་ཕ་མའི་སྐབས་ལས་བཟོ་སྟེ་ ལག་ལེན་མ་འཐབ་པ་ཅིན་ གདོང་ལེན་འབྱུང་དོ་ཡོདཔ་ཨིན། མ་གཞི་ ངག་རྒྱུན་ལྟར་དུ་འབད་བ་ཅིན་ དེ་བསྒང་ བླམ་ཞབས་དྲུང་ཞལ་བཞུགས་པའི་སྐབས་ལས་ར་ དར་ཏེ་ཡོད་པའི་ལམ་སྲོལ་ཅིག་ཨིན་ཟེར་བཤདཔ་ཨིན་རུང་ ག་དེམ་ཅིག་སྦེ་ ཚོང་འབྲེལ་གྱི་གོ་སྐབས་ཅིག་མ་འཐོནམ་འདྲཝ་ཅིག་འབད་བ་ཅིན་ དར་ཁྱབ་ཡང་དེ་ཅིག་གཏང་མ་ཚུགསཔ་མ་ཚད་ བཟོ་ནིའི་རྒྱུན་སྲོལ་འདི་ཡང་རྒྱུན་ཆད་ནིའི་ཉེན་ཁག་འདུག། ཨིན་རུང་ ད་རེས་ནངས་པ་ གོང་འཁོད་དུས་སྟོན་རྐྱངམ་གཅིག་གི་དོན་ལུ་མེན་པར་ ཚོང་འབྲེལ་གྱི་དོན་ལུ་ཡང་ བཟོ་དོ་ཡོདཔ་ལས་ མས་ཁུར་བཟོ་ནིའི་རྒྱུན་འདི་ དར་ཁྱབ་འགྱོ་སྟེ་ཡོད་པའི་ཁར་ ལྷག་པར་དུ་ སྤུ་ན་ཁ་ ཁུ་རུ་ཐངས་ཁྲོམ་ཁར་དང་ སྤུ་ན་ཁ་དང་ ཐིམ་ཕུག་གི་བར་ན་ གཞུང་ལམ་ཁར་ལས་ཕར་ མས་ཁུ་ཚོང་འགྱུར་འཐབ་མི་ལེ་ཤ་ཡོདཔ་ལས་ མས་ཁུར་གི་བཟོ་རྣམ་ཚུ་ ག་ར་ལྕོགས་རང་འཐད་རུང་ ལ་ལོ་ཅིག་ རྫས་འབྱོར་ཚུ་བླུགས་ཏེ་ ལྷམ་པ་མ་འདྲཝ་ལེ་ཤ་བཟོ་དོ་ཡོདཔ་ཨིན། དེ་འབདཝ་ལས་ མས་ཁུར་བཟོ་ནི་འདི་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ཏེ་ འཕྲུལ་ཆས་མ་འདྲཝ་ཚུ་ལག་ལེན་འཐབ་དོ་ཡོད་མི་ལས་བརྟེན་ ཉམས་ནིའི་ཉེན་ཁག་དང་ ཚ་གྱངས་མིན་འདུག་ཟེར་ཞུ་ནི་ཨིན།

གཡུས་སྒོ་ཚུ།/མི་སྡེ་ཚུ།
ཤེལ་རྔ་སྦྱིས་མེད་རྒེད་འོག་ ཁུབ་སྦྱིས་ཚོགས་སའི་མི་བརྒྱུད་འདི་ཡང་ ཝང་ཚོ་ཆེན་བརྒྱད་པའི་མི་བརྒྱུད་ངོ་མ་ཅིག་ཨིན་མས། ཝང་ཚོ་ཆེན་བརྒྱད་ཚུ་ཡང་ ཅང་། ཀ་ཝང་། དཀར་སྦྱིས། བརཔ། སྟོདཔ། སྦྱིས་མེད། སྨད་ཝང། དེ་ལས་ སྟོད་ཝང་ ཚུ་ལུ་སླབ་ཨིན། ད་ལྟོའི་བར་ན་ཡང་ ཝང་ཚོ་ཆེན་བརྒྱད་ཀྱི་མི་སེར་ཚུ་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་དམག་དཔུང་གི་ཞབས་ཏོག་ཕུལ་བའི་ཚུལ་ལུ་ འབྲུག་སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་ནང་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ མགོན་པོའི་དབང་ཆོག་རྒྱས་པའི་སྒྲུབ་མཆོད་ཆེན་མོ་འདི་ཁར་ དཔའ་མཛངས་པའི་ཆས་བསྒྲིགས་ཏེ་ འགྱོ་སྲོལ་ཡོདཔ་ཨིན་མས།

དུས་དང་ཕུ་འབད་བ་ཅིན་ ཝང་གཞི་འགྱོཝ་ཟེར་ གནམ་དགུན་སྤུངས་ཐང་ཁ་ ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ གནམ་དབྱར་ ཐིམ་ཕུ་རྫོག་ཁག་ སྨད་ཝང་རྒེད་འོག་ གནམ་སྲས་གླིང་ལུ་སྡོདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པར་ ལམ་སྲོལ་འདི་ རྒྱུན་ཆད་ཡོད་མི་འདི་ཡང་ རྒྱལ་ཁབ་ཀྱི་སྲིད་བྱུས་ལམ་ལུགས་དང་ ས་གནས་ཀྱི་བཅད་མཚམས་ལས་བརྟེན་ ཁྱིམ་གཅིག་ནང་གི་ ནང་མི་བཟའ་ཚང་ཚུ་ལུ་ ས་གཞི་ཚུ་ སྐལཝ་བགོ་བཤའ་སྦེ་སྤྲོད་དེ་ ལ་ལུ་ཅིག་ སྤུ་ན་ཁ་ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ ལ་ལུ་ཐིམ་ཕུ་གནམ་སྲས་གླིང་ལུ་སྦེ་ སོ་སོ་སྡོད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ དཀོན་མཆོག་མཆོདཔ་ཟེར་ ལོ་རེའི་བར་ན་ཚར་རེ་ སྙན་དར་ཕུལ་ནི་དང་ ཕམ་བུ་གཞིའི་བརྩེ་གདུང་དང་ཆ་བཞག་ཚུ་ བརྩི་ནིའི་སྔར་སྲོལ་བཟང་པོ་འདི་ མ་ཉམས་པར་ཡོདཔ་ཨིན་མས།

ལུང་པ་འདི་ནང་དར་ཏེ་ཡོད་པའི་ རླུང་མ་མས་ཁུར་འདི་ རྟ་ལོག་ནོརབུ་སྒང་ལུ་ཡང་ ཡོངས་གྲགས་སྦེ་བཟོ་དོ་ཡོདཔ་ཨིན་རུང་ དུས་ཚོད་འ་ནེམ་ཅིག་ཁར་ མི་ངོམ་འདི་གིས་ ཁྱབ་སྤེལ་བཏང་ཡོདཔ་ཨིན་ཟེར་བའི་ལོ་རྒྱུས་ཚུ་ ངག་ཐོག་དང་ཡིག་ཐོག་ལུ བྲིས་བཞག་བཞགཔ་ཅིག་མེད་དེ་འབད་རུང་ ཕ་བརྒྱུད་བུ་བརྒྱུད་སྦེ་ དར་ཁྱབ་འགྱོ་ཡོད་མི་འདི་ མ་ཉམས་པར་བཞག་ཡོད་པའི་ དངོས་མེད་ལམ་སྲོལ་གྱི་རིགས་ཅིག་ཨིན་པའི་ བརྩི་ཁུངས་བསྐྱེད་དེ་ཡོདཔ་ཨིན་མས།

ཞིབ་འཚོལ་འབད་མི། ལྷམ་ཅུ། སྒྲིག་སློབ་གཙོ་འཛིན་འོགམ།
བརྡ་དོན་འབྱུང་ཁུངས།