ལམ་སྲོལ་ཆ་ཤས།

Elements

གཞུང་བརྔོ་མཛརཝ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
སྤུངས་ཐང་ཁ་རྫོང་ཁག་ནང་ རྒེད་འོག་ ༡༡ ཡོད་ས་ལས་ རྫོང་ཁག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ ༡ གི་རིང་ལུ་ སྣུམ་འཁོར་ནང་འཛུལ་འགྱོཝ་ད་ ས་གཞི་གསེར་གྱི་གཞོངམ་དང་འདྲཝ་སྦེ་ ཆགས་ཏེ་ཡོད་པའི་ཤེལ་རྔ་སྦྱིས་མེད་རྒེད་འོག་ལྟེ་བ་འདི་ནང་ལྷོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༢༨༤ དང་ མི་རློབས་འབད་བ་ཅིན་ ༡༢༥༧ དེ་ཅིག་ཡོདཔ་དང་ རྒེད་འོག་འདི་གིས་ བྱང་ཕྱོགས་ལུ་སྟོད་ཝང་རྒེད་འོག་དང་། ལྷོ་ཕྱོགས་ལུ་ གླིང་མུ་ཁ་རྒེད་འོག་དང་ དབང་འདུས་ཕོ་བྲང་རྫོང་ཁག། དེ་ལས་ ནུབ་ཕྱོགས་ལུ་ འཛོམས་མི་རྒེད་འོག་གི་ས་མཚམས་ཚུ་དང་ཅིག་ཁར་མཐུད་དེ་ཡོདཔ་ཨིན། རྒེད་འོག་འདི་ནང་ ས་ཆ་བརྒྱ་ཆ་ ༦༠ དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་དང་ རྒྱ་ཆ་ ༣༠ དེ་ཅིག་ ཆུ་ཞིང་སྦེ་ཟ་སྤྱོད་འབདཝ་ཨིན་མས། གཡུས་ཚན་མང་རབ་ཅིག་ སྤྱི་འོག་ལྔ་ནང་འགོ་བཀྲམ་འབད་དེ་ཡོདཔ་དང་ ཁུབ་སྦྱིས་ཚོགས་ས་སྤྱི་འོག་གི་ དགའ་ར་ཚོགས་ས་གཡུས་ཚན་འདི་ རྒེད་འོག་ལྟེ་བ་གི་ཉེ་འདབས་ལུ་ཆགས་ཏེ་ཡོདཔ་ལས་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་འབྱུང་དོ་ཡོད་པའི་ཁར་ གཡུས་སྒོ་འདི་ཁར་ འབྲུ་སྣ་དགུའི་རིགས་ཚོ་དོ་ཡོདཔ་ཨིན་རུང་ གཡུས་མི་ཚུ་གི་འཚོ་བ་གཙོ་བོ་འདི་ ཆུམ་དང་ ཆུམ་གྱི་ཐོན་བསྐྱེད་མཛརཝ་དང་། མས་ཁུར། དེ་ལས་ ཚོད་བསྲེ་ཚུ་ལུ་བརྟེན་ཏེ་ རང་མགོ་རང་འདྲོང་སྦེ་སྡོད་ཡོདཔ་ཨིན་མས། མཛརཝ་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་ས་གནས་ ག་ཏེ་ཡང་ ལག་ལེན་འཐབ་པའི་སྲོལ་ཡོདཔ་བཞིན་ ཡོངས་གྲགས་ལུ་ སྤུ་ན་ཁ་རྫོང་ཁག་ ཤེལ་རྔ་སྦྱིས་མེད་རྒེད་འོག་གི་གཡུས་སྒོ་ཁག་གི་མི་སེར་ཚུ་གིས་ དུས་དང་ཕུ་ལས་ར་ ཡོངས་གྲགས་སྦེ་ མཛརཝ་བརྔོ་སྲོལ་ཡོད་མི་འདི་ ད་ལྟོ་ཡང་ རྒྱུན་མ་ཆད་པར་ དུས་རྒྱུན་གྱི་ཁ་ཟས་ལག་ཟས་དང་ རང་སོའི་ལོ་དུས་ཀྱི་ ལོ་ཆོག་རནམ་ད། དེ་ལས་ ལྷག་པར་དུ་ ཚོང་སྒྱུར་གྱི་དོན་ལུ་ ལག་ལེན་འཐབ་སྟེ་ རང་སོའི་ བཟའ་ཚང་གི་འཚོ་བ་སྐྱོངམ་ཨིན་མས།
ངོས་བཟུང་འབད་བའི་ལོ།
༢༠༢༢
འགྲེལ་བཤད།
གཞུང་བརྔོ་མཛརཝ་ཟེར་མི་འདི་ ཆུམ་གྱི་རིགས་མ་འདྲཝ་ཚུ་ བརྔོ་སྟེ་བཟོ་ཡོད་པའི་ ཡོངས་གྲགས་ལུ་ ཇ་རྩམ་གྱི་རིགས་ཅིག་ལུ་སླབ་ཨིན། མཛརཝ་ཟེར་མི་ཐ་སྙད་འདི་གི་དོན་དག་འདི་ཨིན་ཟེརཝ་ ངག་རྒྱུན་དང་ ཡིག་ཐོག་ག་ཏེ་ཡང་བཀོད་འདི་མེདཔ་ལས་ དུས་དང་ཕུ་ལས་ ཁ་རྒྱུན་སྦེ་སླབ་སྲོལ་དར་ཏེ་ཡོད་པའི་མིང་ཅིག་ཨིན་མས།

གཞུང་བརྔོ་མཛརཝ་འདི་ ལོ་བསྟར་ལོ་ཆོག་གི་སྐབས་ལུ་དང་ ལོ་གསར་ཉི་ལོག་ཚུ་གི་སྐབས་ལུ་ ཇ་རྩམ་མེད་ཐབས་མེདཔ་ཅིག་ཨིན་པའི་ཁར་ མཛརཝ་ལྷམ་པ་མ་འདྲཝ་ཚུ་ ཚོགས་རྫས་སྦེ་ཡང་སྒྲིག་སྲོལ་ཡོདཔ་ཨིན། མཛརཝ་འདི་ མར་དང་གཅིག་ཁར་སྒྱེས་ཏེ་ མཛརཝ་མར་སྒྱེས་ཟེར་ ཇ་རྩམ་གྱི་ལྷམ་པ་བསྒྲིགས་ཡོད་པའི་གྲས་ལས་ ཇ་རྩམ་རྡིག་ཤོས་ཅིག་སྦེ་རྩིཝ་མ་ཚད་ སྤྱིར་བཏང་ གྲོང་གསེབ་གཡུས་སྒོ་ཚུ་ནང་ མེད་ཐབས་མེདཔ་ཅིག་སྦེ་བརྩིཝ་ཨིན། འདི་ཡང་ ཁྱིམ་ནང་ ནང་གི་ཨ་མའི་ལག་ཤུལ་བདེ་ནིའི་དོན་ལུ་ མཛརཝ་འདི་ དུས་ཨ་རྟགས་ར་ མ་ཆད་པར་བཞག་ཞིནམ་ལས་ ཁྱིམ་ནང་ མགྱོནམོ་ དྲག་ཞན་ཆེ་ཆུང་ ག་བཟུམ་ཅིག་འོང་རུང་ བསུ་བ་ ཇ་དང་མཛརཝ་ ཡང་ན་ ཆང་གིས་འབདཝ་ཨིན་མས།


དོན་དག།
མཛརཝ་འདི་ དང་པ་དཀོན་མཆོག་གསུམ་ལུ་ མཆོད་པ་ཕུལ་ནིའི་ཟས་ཅིག་ཨིནམ་མ་ཚད་ དུས་དང་ཕུ་ལས་ར་ གོངམ་བླམ་དང་དཔོན་ཚུ་ མཇལ་བ་འགྱོ་བའི་སྐབས་ ཕྱག་མཇལ་སྦེ་མཛརཝ་དང་ ཆུམ་ཙམ་ཁུག་གང་གང་རེ་ཕུལ་སྲོལ་ཡོད་པའི་ཁར་ རང་གི་གཉེན་ཉེཝ་ཆ་ཁྱབ་ཀྱིས་ལམ་འཇུག་སྦེ་ཡང་ རྐྱབ་་སྲོལ་ཡོདཔ་ཨིན། དེ་མ་ཚད་ རང་གི་གཡུས་ཁར་ ལོ་ཆོག་དང་ གཞན་ཡང་མི་ཤི་གི་སྐབས་ལུ་འབད་བ་ཅིན་ ཆུམ་དང་ཅིག་ཁར་མཛརཝ་བང་ཁྲ་གང་གང་སྐྱེལ་སྲོལ་ཡང་ཡོདཔ་ཨིན། སྤྱིར་བཏང་མང་ཆེ་ཤོས་ཅིག་མཛརཝ་འདི་ རང་གི་ཁྱིམ་ནང་མགྱོནམོ་ག་བཟུམ་ཅིག་འོངས་ཏེ་འབད་རུང་ ཇ་རྩམ་སྦེ་སྐྱེལ་སྲོལ་རྒྱུན་མ་ཆད་པར་ཡོད་པའི་ཁར་ ལྟོཝ་བཀྱེས་པའི་སྐབས་ ལྟོ་ཁྱད་ཆོདཔ་སྦེེ་ཡང་ ཟ་བའི་སྲོལ་ཡོདཔ་ཨིན།

དང་ཕུག་འབད་བ་ཅིན་ ནོར་རྫིཔ་ཨ་ལུ་ཚུ་ལུ་ མཛརཝ་སྦྱིན་གཏང་བའི་སྐབས་ ཨ་ལུ་ཚུ་སེམས་དགའ་སྟེ་ ད་རེས་ནོར་ལེགས་ཤོམ་སྦེ་འཚོ་དགོ་ རོགས་ཀྱི་ཞིང་ནང་གཏང་ནི་མི་འོང་ ཟེར་སླབ་སྲོལ་ཡོད་པའི་ལོ་རྒྱུས་ཚུ་ཡང་ བཤད་སྲོལ་འདུག།
མཛར་བར་མཛར་སྐྱེལ་མེད་རུང་། །ལྟོ་རས་དཀར་ཅུང་ལོག་ཤོག། ཟེར་ དང་ཕུ་གོང་མའི་ཕྱག་མཇལ་དང་། ཕམ་སྤུན་ཆ་ཚུ་ལུ་དག་སྣང་གི་ཁྱོསམ། ལྟ་ལྟོ་ཚང་གི་བར་ན་ བརྩེ་གདུང་ཆ་བཞག་ཚུ་ ཉམས་མ་བཅུག་པར་བཞག་ཐབས་ལུ་ མཛརཝ་འདི་ལྟོ་རས་ནང་བཅིངས་ ཡང་ན་ རྩམ་ཁུག་ནང་འདེགས་ཏེ་ ཕུལ་བའི་སྐབས་ ལོགལེན་གནང་ནི་མེད་པའི་ཁར་ ཧོད་ཡང་གནང་ནི་མིན་འདུག་ཟེར་ གཏམ་དང་དགོད་བྲ་བཟུམ་ཅིག་སྦེ་སླབ་སྲོལ་ཡོདཔ་ཨིན་མས།

རྒྱུན་སྤེལ་ཐབས་རིག།
མཛརཝ་བརྔོ་ནི་འདི་ དང་ཕུ་ཕམ་ཚུ་གི་སྐབས་ལས་རང་ ལག་ལེན་འཐབ་སྟེ་ ཡོད་པའི་ལམ་སྲོལ་ཅིག་འབདཝ་ལས་བརྟེན་ ལཱ་ཁག་སྦེ་ལྷབ་སྦྱང་འབད་མ་དགོ་པར་རང་བཞིན་གྱིས་སྦྱང་བ་ཚུད་དེ་ རིམ་པ་བཞིན་དུ་ཕ་བརྒྱུད་བུ་བརྒྱུད་སྦེ་ ལག་ལེན་འཐབ་ཡོད་རུང་ ད་རེས་ནངས་པ་ ཨ་ལུ་ཚུ་ཆུང་ཀུ་བསྒང་ལས་ སློབ་གྲྭ་ནང་ལས་ཕར་ཤེས་ཡོན་སྦྱང་སྡོདཔ་ལས་ ལམ་སྲོལ་འདི་ ལྷབ་སྦྱང་འབད་ནི་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པ་ མཛརཝ་འདི་ དུས་སྟོན་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་གྱི་དོན་ལུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ལས་ མཛརཝ་བརྔོ་ནིའི་ལམ་སྲོལ་འདི་ དར་ཁྱབ་འགྱོ་སྟེ་ཡོདཔ་ཨིན་མས།

རྒྱུ་ཆས་ཚུ་ཡང་ རབ་བྱུང་པ་ཅིན་ རང་སོའི་གཡུས་སྒོ་ལས་འཐོན་པའི་ཆུམ་ ངངམ་བྱཱ་དང་། རྟ་མགྲིན་ཚེ་རིང་། དེ་ལས་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ རྒྱ་ལས་འཐོན་པའི་རྒྱ་ཆུམ་དང་ བཤུར་ཆུམ་ཚུ་ལག་ལེན་འཐབ་ཏེ་ ཚོང་འབྲེལ་འཐབ་ཡོདཔ་ལས་ མཛརཝ་བརྔོ་ནིའི་ ལམ་སྲོལ་འདི་ རྒྱུན་མ་ཆད་པར་ཡོདཔ་ཨིན།

མཛརཝ་བརྔོ་ནིའི་དོན་ལུ་ དགོས་པའི་ཅ་ཆས་དང་རྫས་སྦྱོར།
- ངངམ་བྱཱ་ཆུམ་དང་ རྒྱ་ལས་འཐོན་པའི་རྒྱ་ཆུམ་དང་ བཤུར་ཆུམ།
- མར་ཁུ།
- ཟངས་གཞོང་། ཆུམ་སྦང་བཞག་ནི་དང་ ཆུ་འཁྱུ་ནིའི་དོན་ལུ་ལག་ལེན་འཐབ་ཨིན།
- གཟན་སྐྱ། ཆུམ་སྦང་བཞག་མི་འདི་ དཀྲུགས་ནིའི་དོན་ལུ་དགོཔ་ཨིན།
- ལག་ཆུང་། ཆུམ་ཆུ་བཙག་ནི་དང་ ཆུ་བཤལ་ནིའི་དོན་ལུ་དགོཔ་ཨིན།
- ལྷ་ང་། མཛལཝ་བརྔོ་ནིའི་དོན་ལུ་དགོཔ་ཨིན།
- གསེག་གསེམ། མཛརཝ་བརྔོཝ་ད་ དཀྲུག་ནིའི་དོན་ལུ་དགོཔ་ཨིན།
- ཨམ་པ། ལྷ་ང་ཐབ་ཁར་བཀལ་ནི་དང་ ཕབ་ནིའི་དོན་ལུ་དགོཔ་ཨིན།
- སྦ་ཟེ། མཛརཝ་བརྔོ་ཚར་མི་ཚུ་ འདེགས་བཞག་ནིའི་དོན་ལུ་དགོཔ་ཨིན།

གཞུང་བརྔོ་མཛརཝ་ བརྔོ་ཐངས།
- ངངམ་བྱཱ་ཆུམ་འདི་ ཐབ་ཁར་ཆུ་དུགཔ་སྦེ་བཀོལ་ཏེ་ ས་ཁར་ཕབ་བཞག་ཞིནམ་ལས་ དྲོད་རན་ཏོག་ཏོ་འགྱོཝ་ད་ ཆུམ་འདི་སྦང་ཞིནམ་ལས་ ཞག་གཅིག་བཞག་དགོ།
- དེ་ལས་ དྲོ་པ་མཛརཝ་བརྔོ་རནམ་ད་ ལག་ཅུང་ནང་བླུགས་ཏེ་ཆུ་འཛག་བཅུག་དགོ།
- ལག་ཅུང་ནང་ལུ་ ཆུ་ཧོ་འཕྲོས་འཕྲོས་མ་ཐོན་ཚུན་ བཤལ་ཞིནམ་ལས་ ཆུ་ལེགས་ཤོམ་སྦེ་བཙག་བཀོ་དགོ།
- ལྷ་ང་ནང་མི་སྦྱར་ནིའི་དོན་ལུ་ མར་ཁུག་དུམ་གྲ་ཅིག་བླུགས་ཏེ་སྒྱེས་དགོ།
- དེ་ལས་ ལྷ་ང་ནང་བླུགས་ཏེ་ གསེག་གསེམ་གྱིས་དཀྲུག་ཅི་ར་བརྔོ་ཞིནམ་ལས་ མཛརཝ་སེར་རུ་རུ་འགྱོཝ་ད་ ཨམ་པ་གིས་བཏབ་ཏེ་ཕབ་དགོ།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཤེལ་རྔ་སྦྱིས་མེད་རྒེད་འོག་ དགའ་ར་ཁ་ཚོགས་སའི་ མི་བརྒྱུད་འདི་ཡང་ ཝང་ཚོ་ཆེན་བརྒྱད་པའི་ མི་བརྒྱུད་ངོ་མ་ཅིག་ཨིན་མས། ཝང་ཚོ་ཆེན་བརྒྱད་ཚུ་ཡང་ ཅང་། ཀ་ཝང་། དཀར་སྦྱིས། བརཔ། སྟོདཔ། སྦྱིས་མེད། སྨད་ཝང། དེ་ལས་ སྟོད་ཝང་ ཚུ་ལུ་སླབ་ཨིན། ད་ལྟོའི་བར་ན་ཡང་ ཝང་ཚོ་ཆེན་བརྒྱད་ཀྱི་མི་སེར་ཚུ་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་དམག་དཔུང་གི་ཞབས་ཏོག་ཕུལ་བའི་ཚུལ་ལུ་ འབྲུག་སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་ནང་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་མགོན་པོའི་དབང་ཆོག་རྒྱས་པའི་སྒྲུབ་མཆོད་ཆེན་མོ་འདི་ཁར་ དཔའ་མཛངས་པའི་ཆས་བསྒྲིགས་ཏེ་འགྱོ་སྲོལ་ཡོདཔ་ཨིན་མས།

དུས་དང་ཕུ་འབད་བ་ཅིན་ ཝང་གཞི་འགྱོཝ་ཟེར་ གནམ་དགུན་སྤུངས་ཐང་ཁ་ ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ གནམ་དབྱར་ ཐིམ་ཕུ་རྫོག་ཁག་ སྨད་ཝང་རྒེད་འོག་ གནམ་སྲས་གླིང་ལུ་སྡོདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པར་ ལམ་སྲོལ་འདི་ རྒྱུན་ཆད་ཡོད་མི་འདི་ཡང་ རྒྱལ་ཁབ་ཀྱི་སྲིད་བྱུས་ལམ་ལུགས་དང་ ས་གནས་ཀྱི་བཅད་མཚམས་ལས་བརྟེན་ ཁྱིམ་གཅིག་ནང་གི་ ནང་མི་བཟའ་ཚང་ཚུ་ལུ་ ས་གཞི་ཚུ་ སྐལཝ་བགོ་བཤའ་སྦེ་སྤྲོད་དེ་ ལ་ལུ་ཅིག་ སྤུ་ན་ཁ་ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ ལ་ལུ་ཐིམ་ཕུ་གནམ་སྲས་གླིང་ལུ་སྦེ་ སོ་སོ་སྡོད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ དཀོན་མཆོག་མཆོདཔ་ཟེར་ ལོ་རེའི་བར་ན་ཚར་རེ་ སྙན་དར་ཕུལ་ནི་དང་ ཕམ་བུ་གཞིའི་བརྩེ་གདུང་དང་ཆ་བཞག་ཚུ་ བརྩི་ནིའི་སྔར་སྲོལ་བཟང་པོ་འདི་ མ་ཉམས་པར་ཡོདཔ་ཨིན་མས།

མཛརཝ་བརྔོ་ནིའི་ལུགས་སྲོལ་འདི་ དུས་དེམ་ཅིག་ཁར་ མི་ངོམ་འདི་གིས་ཁྱབ་སྤེལ་བཏང་ཡོདཔ་ཨིན་ཟེར་བའི་ལོ་རྒྱུས་ཚུ་ ངག་ཐོག་དང་ཡིག་ཐོག་ལུ བྲིས་བཞག་བཞགཔ་ཅིག་མེད་དེ་འབད་རུང་ ཕ་བརྒྱུད་བུ་བརྒྱུད་སྦེ་ དར་ཁྱབ་འགྱོ་ཡོད་མི་འདི་ མ་ཉམས་པར་བཞག་ཡོད་པའི་དངོས་མེད་ལམ་སྲོལ་གྱི་རིགས་ཅིག་ཨིན་པའི་བརྩི་ཁུངས་བསྐྱེད་དེ་ཡོདཔ་ཨིན།

ཞིབ་འཚོལ་འབད་མི། ལྷམ་ཅུ། སྒྲིག་སློབ་གཙོ་འཛིན་འོགམ།
བརྡ་དོན་འབྱུང་ཁུངས།