ལམ་སྲོལ་ཆ་ཤས།

Elements

བསྡུད་ཟ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
མི་སྡེའི་ལག་ལེན་དང་། ཆོས་ཕྱོགས་ཀྱི་མཛད་སྒོ། དུས་སྟོན་རྩིས་སྲུང་།
ས་གནས།
པདྨ་དགའ་ཚལ་འདི་ འབྲུག་རྒྱལ་ཁབ་ཀྱི་ཤར་ཕྱོགས་ལུགས་ཕྱོགས་ཀྱི་ ལྷོ་ཁ་ཐུག་ལུ་སྦེ་ ས་རྒྱ་འབད་བ་ཅིན་ ཨིསི་ཀྭཡར་ཀི་ལོ་མི་ཊར་ ༥༡༧་༨ དེ་ཅིག་གི་ནང་ལུ་ མཐོ་བའི་སྒང་དང་གྱེན་གཟར་དྲགས། དེ་ལས་ གཤོང་སྦེ་ ཐང་ཆེནམོ་ཅིག་མེད་པའི་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ ས་ཁ་མཐོ་དམན་ཡང་ རྒྱ་མཚོའི་མཐའམ་ལས་ མི་ཊར་ ༡་༠༠༠ དང་ ༣་༥༠༠ གི་མཚམས་ལུ་གཞིས་ཆགས་ཏེ་ཡོད་མི་ནང་ རྒེད་འོག་ ཁག་ ༡༡ ཡོདཔ་ཨིན། གཡུ་རུང་རྒེད་འོག་བཟུམ་ཅིག་འབད་བ་ཅིན་ པདྨ་དགའ་ཚལ་རྫོང་ཁག་བདག་སྐྱོང་ལས་ ནུབ་བྱང་ཁ་ཐུག་ལུ་ཆགས་ཡོདཔ་དང་ དེ་ནང་ལུ་སྤྱི་འོག་ཡང་ ༢༢ ཡོདཔ་ཨིན། མ་གཞི་ བསྡུད་ཟའི་གསོལ་མཆོད་འདི་ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་རྐྱངམ་གཅིག་མེན་པར་ མོང་སྒར་རྫོང་ཁག་གི་ སྐྱེངས་མཁར་རྒེད་འོག་ ནང་ལུ་ཡང་བརྩི་སྲོལ་ཡོད་རུང་ ད་ལྟོ་ཞིབ་འཚོལ་འབད་ས་ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་འབདཝ་ལས་ གཡུ་རུང་པའི་བསྡུད་ཟ་གི་སྐོར་ལས་ཞུ་ནི་ཨིན།
ངོས་བཟུང་འབད་བའི་ལོ།
2022
འགྲེལ་བཤད།
བསྡུད་ཟ་ཟེར་མི་འདི་ བོན་པོའི་གསོལ་མཆོད་ཅིག་ཨིན། འདི་ཡང་ པདྨ་དགའ་ཚལ་རྫོང་ཁག གཡུ་རུང་རྒེད་འོག་གི་ནང་ལུ་ གཡུས་ཚན་མང་ཤོས་ཅིག་གིས་ དུས་སྟོན་བརྩི་སྲོལ་ཡོད་པའི་ གནའ་བོའི་ལུགས་སྲོལ་ཅིག་ཨིན་རུང་ གསོལ་མཆོད་དེ་ནང་ལུ་ སེམས་ཅན་བསད་དེ་ དམར་མཆོད་དང་འབྲེལ་བ་ཡོད་པའི་ གསོལ་མཆོད་ཅིག་འབདཝ་ལས་ མི་ཚུ་གིས་ནང་ཆོས་ལུ་ དད་པ་ཤུགས་ཡོད་མི་ལས་དང་ སེམས་ཅན་ཚུ་ལུ་ཕ་མའི་འདུ་ཤེས་སྐྱེད་དོ་ཡོདཔ་དང་ དེ་མ་ཚད་ དུད་འགྲོ་སེམས་ཅན་ཚུ་ལུ་ བྱམས་པ་དང་སྙིང་རྗེའི་ཡུལ་སྦེ་ ཧ་གོཝ་ལས་གནའ་བོའི་ལུགས་ཀྱི་ བོན་ནག་དང་འབྲེལ་བའི་གསོལ་མཆོད་འདི་ ཤོལ་བཞག་སྟེ་ལོ་ངོ་ བཅུ་ཕྲག་དྲུག་དང་བདུན་ལྷག་ཙམ་ཅིག་ཡར་སོ་ནུག། དུས་སྟོན་དེ་གི་རྒྱབ་ཁུངས་དང་ འབད་ཐངས་བཅའ་ཐངས་ཀྱི་བྱ་རིམ་ཚུ་ ཡིག་ཐོག་ལུ་ག་ནི་ཡང་བཀོད་དེ་མེད་པའི་གུར་ གཡུས་ཁའི་མི་ དེ་བསྒང་གི་རྒས་ཤོས་ཅིག་ཨིན་མི་ སློབ་དཔོན་ཀ་པའེ་ཟེར་མི་འདི་ གསོལ་མཆོད་འདི་གི་སྐོར་ལས་ འགོ་འདྲེན་འཐབ་མི་ཅིག་དང་ དེ་དང་འབྲེལ་བའི་ལོ་རྒྱུས་བཤད་མི་ ཁོ་ར་རྐྱངམ་གཅིག་ར་ཨིན་པའི་ལོ་རྒྱུས་འདུག།

ད་ལྟོ་ཡོད་མི་ རྒས་ཤོས་ཚུ་གིས་ གོང་གསལ་སློབ་དཔོན་ཀ་པའེ་ཟེར་མི་གིས་ གསུངས་མི་དང་འཁྲིལ་ཏེ་སླབ་མི་ནང་ བསྡུ་ཟ་ཟེར་བའི་དམང་གི་གསོལ་མཆོད་རིམ་གྲོ་འདི་ བོན་ནག་དང་འབྲེལ་བའི་ གསོལ་མཆོད་ཅིག་ཨིནམ་མ་ཚད་ ཧེ་མ་འབད་བ་ཅིན་ དུས་སྟོན་འདི་ལོ་ཨ་རྟག་ར་ རང་ཟླ་གསུམ་པ་དང་བཞི་པའི་ནང་ལུ་ གཡུ་རུང་རྒེད་འོག་གི་གཡུས་ཚན་སྤྱི་འོག་ གཡུ་རུང་། མཁོ་མི་ནང་། ཐུང་མགོ། ལྷ་འུང་། དེ་ལས་ ཕྱི་མུང་ཚུ་ནང་ལུ་འགོ་འདྲེན་འཐབ་སྲོལ་འདུག། འདི་ཡང་ གཡུས་སྒོ་ཚུ་ མཐའ་ཟུར་གྱི་གཡུས་ཚན་ཙང་ཙ་འབདཝ་ལས་ སངས་རྒྱས་ཀྱི་ཆོས་དར་ཁྱབ་ཆེནམོ་ཅིག་མེད། དེ་ལས་ འཚོ་བ་ཡང་སོ་ནམ་དང་སྒོ་ནོར། དེ་ལས་ རི་ཁའི་འཐོན་སྐྱེད་ཚུ་ལུ་བརྟེན་ཏེ་ སྡོད་མི་ཅིག་འབདཝ་ལས་ ཕ་མེས་ཀྱི་སྲོལ་གཏོད་པའི་བོན་པོའི་ཆོས་ལུ་ དད་པ་དང་ཡིད་ཆེས་སྐྱེད་སྡོད་མི་ཅིག་ཨིན་མས། གོང་གསལ་ གཡུ་རུང་། མཁོ་མི་ནང་། ཐུང་མགོ་མི་སེར་ཚུ་གིས་ ལྷ་འུང་གཡུས་ཚན་ནང་གི་ ཨ་རི་ནང་ལུ་སྤུངས་འཛོམས་འབད་དེ་ ཡུལ་ལྷ་གཞི་བདག་ཚུ་དང་། སྐྱེས་ལྷ། དགྲ་ལྷ། ཕོ་ལྷ་ཚུ་ལུ་ བདུན་ཕྲག་གཅིག་གི་རིང་ལུ་ གསོལ་མཆོད་ཀྱི་དུས་སྟོན་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་མས།

ག་ལས་བསྐོར་རུང་ བསྡུད་ཟའི་མིང་གནས་འདི་ཡང་ གསོལ་མཆོད་ཀྱི་སྐབས་ལུ་ གོང་གསལ་རང་སོའི་ཡུལ་ལྷ་གཞི་བདག་ཚུ་ལུ་ ཕུའི་ནགས་ཚལ་དང་ མདའི་གཙང་ཆབ་ཚུ་ནང་ལས་ དུད་འགྲོ་སེམས་ཅན་ཚུ་དང་ ཉ་དང་བྱའི་རིགས་ཚུ་བཟུང་ བསྡུ་སྒྱོམ་འབད་དེ་ ལྷ་ལུ་དམར་མཆོད་ཞལ་ཟས་ཚོགས་སྦེ་ ཕུལ་ནིའི་དུས་སྟོན་ཅིག་འབདཝ་ལས་ གསོལ་མཆོད་ཀྱི་མིང་གི་ཐ་སྙད་ཡང་ སེམས་ཅན་ཚུ་བསྡུད་དེ་ མཆོད་པའི་ཟས་སྦེ་ཕུལ་ནིའི་དུས་སྟོན་ལུ་ བསྡུད་ཟ་ཟེར་སླབ་སྲོལ་བྱུང་ཡོདཔ་ཨིན་མས།
དོན་དག།
ལྷ་གསོལ་དེ་གི་དགོས་ཁུངས་ཡང་ གཡུས་སྒོ་དང་ དེ་ནང་ལུ་གནས་པའི་མི་དང་སྒོ་ནོར་སེམས་ཅན། དེ་ལས་ རྒྱུ་ནོར་ལོངས་སྤྱོད་ཚུ་ལུ་ ནད། ཡམས། མུ་གེ་ཚུ་ག་ནི་ཡང་མེད། ནོར་གྱི་གཡང་དང་བུའི་དངོས་གྲུབ་ཚུ་འཐོབ། སྟོན་ཐོག་ཚུ་གི་འབྲས་བུ་ཚུ་ ལེགས་ཤོམ་སྦེ་འོང་བཅུག་ནིའི་དོན་ལུ་ སྨོན་ལམ་བཏབ་ནི་དང་ དེ་གིས་ཡང་མ་ཚད་པར་ ལོ་སྔ་མའི་ནང་ལུ་ བཀྲ་ཤིས་གཡང་ཆགས་པར་བྱུང་མི་ལུ་ བཀའ་དྲིན་གཏང་རག་གི་ཚུལ་ལུ་ གསོལ་མཆོད་ཕུལཝ་ཨིན་མས། དེ་གུར་ གསོལ་མཆོད་དེ་གིས་ མི་སྡེའི་ནང་ལུ་ ཞི་བདེ། དགའ་སྐྱིད་དང་ ཕན་ཚུན་གཅིག་འབྲེལ་དང་གཅིག་སྒྲིག་གི་རྒྱུ་ངོ་མ་ཅིག་ཡང་ དུས་སྟོན་འདི་ཨིནམ་སྦེ་བཤད་ཡོདཔ་ཨིན།
རྒྱུན་སྤེལ་ཐབས་རིག།
ལྷ་གསོལ་འདི་གི་རྒྱུན་བཟུང་ཐབས་ལམ་ཡང་ དང་ཕུ་ལས་ར་ཁ་རྒྱུན་རྣ་རྒྱུན་ཐོག་ལུ་གནས་ཏེ་འདུག། དེ་གུ་ལུ་ དུས་སྟོན་འདི་ཤོལ་བཞག་སྟེ་ མི་ལོ་བཅུ་ཕྲག་དྲུག་དང་བདུན་ལྷག་ཙམ་ཅིག་འགྱོ་ཡོད་རུང་ གཡུས་མི་རྒས་ཤོས་དག་པ་ཅིག་གིས་ ཧེ་མའི་མི་ཚུ་གིས་ གསོལ་མཆོད་ནང་ལུ་བཅའ་མར་གཏོགས་ཏེ་ སྲོལ་རྒྱུན་བཟུང་ཡོདཔ་མ་ཚད་ སློབ་དཔོན་ཀ་པའེ་ཟེར་མི་འདི་ བོན་པོའི་བརྒྱུད་པ་བཟུང་མི་ཅིག་ཨིནམ་མ་ཚད་ ཁོ་གི་བརྒྱུད་པ་བཟུང་མི་ བོན་པོ་ཡང་ཁོ་རའི་རིགས་རྒྱུད་ལས་ར་ ངོས་འཛིན་འབད་དེ་ཡོད་རུང་ མི་ཚུ་གིས་རང་མོས་ཐོག་ལུ་ གནའ་བོའི་ལུགས་དེ་ ཤོལ་བཞག་ཡོད་པའི་ ལོ་རྒྱུས་གནས་ཚུལ་བསྡུ་ཡོད་མི་འདི་ བཀོད་ཡོདཔ་ཨིན།

འདི་ཡང་ གཡུས་ཚན་ གཡུ་རུང་ མཁོ་མི་ནང་། ཐུང་མགོ་མི་སེར་ཚུ་གིས་ ལྷ་འུང་གཡུས་ཚན་ནང་གི་ ཨ་རི་ནང་ལུ་ རང་ཟླ་ གསུམ་པ་དང་བཞི་པའི་ནང་ གཟའ་སྐར་ལེགས་པའི་ཉིནམོ་ནང་ལུ་ སྤུངས་འཛོམས་འབད་ཞིན་ན་ ཕོ་རྒྱ་རྒས་གཞོན་བར་གསུམ་ཙང་ཙ་སྦེ་ སྡེ་ཚན་ཁག་གསུམ་སྦེ་བཟོ་ཞིན་ན་ སྡེ་ཚན་རང་རང་སོ་སོ་ལུ་ ལཱ་འགན་ཡང་སྤྲོད་དེ་ ཤ་བདའ་ནིའི་ཉམས་མྱོང་ཡོད་པའི་ཕོ་སྐྱེས་ རྒས་ཤོས་སྡེ་ཚན་དེ་གིས་ མཐོཝ་སྒང་དང་ཕུ་གི་ནགས་ཚལ་ཚུ་གི་ནང་ལས་ རི་དྭགས་སེམས་ཅན་ ཀ་ཤ ཤཝ་དང་ གཞན་ཡང་ཤ་ཟ་བཏུབ་པའི་སེམས་ཅན་སྦོམ་ཚུ་བསད་དེ་ ལྷ་གསོལ་ས་གོ་ནང་ལུ་འབག་འོང་ནི། དེ་བཟུམ་སྦེ་ ལོ་ན་བར་མའི་སྡེ་ཚན་གྱིས་ དམའཝ་གཡུས་ཀྱི་མདའི་གཙང་ཆབ་ཚུ་ནང་ལས་ ཉ་དང་བྱའི་རིགས་ཚུ་བཟུང་ནི། དེ་ལས་ ཨམ་སྲུ་ཚུ་གིས་ འབྲུ་སྣའི་རིགས་ཚུ་བརྔོ་ནི་དང་ ཕྱེ་འཐག་ནི་ལ་སོགས་པའི་ ཁྱིམ་ནང་གི་ལཱ་འགན་ཚུ་འབགཔ་ཨིན་མས།

ཁོང་གཡུས་མི་ཚུ་གིས་བཟུང་། དེ་ལས་བསད་ཡོད་པའི་ སེམས་ཅན་སྣ་ཚོགས་ཚུ་གི་ མགུ་ཏོ་བཏོགས་ཏེ་ གསོལ་མཆོད་ཕུལ་ཚར་བའི་མཐར་ གཟུགས་ཀྱི་ཤ་ཚུ་བོན་པོའི་བཀའ་སློབ་དང་འཁྲིལ་ཏེ་ རི་ཁ་ལུ་བཞག་ནི་དང་ ཡང་ཅིན་ ཤ་རོགསཔ་ཁོངས་ར་ཚུ་ ལོངས་སྤྱོད་སྲོལ་ཡོད་རུང་ གསོལ་མཆོད་ཕུལ་བའི་སྐབས་ལུ་ བཟའ་སྲོལ་མེདཔ་ཨིན་མས། ས་གོ་དེ་ནང་ལུ་ སློབ་དཔོན་ཀ་པའེ་ཟེར་མི་གིས་ ལྷའི་མཆོད་ཁང་ཤིང་སྣ་ཚུ་གིས་བཟོ་ཞིནམ་ལས་ སེམས་ཅན་ཚུ་གི་མགུ་ཏོ་ཚུ་བཏོགས་ཏེ་ མཆོད་པའི་ཟས་སྦེ་བཀྲམ་སྟེ་ གཡུས་མི་ཚུ་གིས་ ཡུལ་ལྷ་གཞི་བདག་ཟེར་རུང་ ཡོངས་གྲགས་ཅན་གྱི་ཆོས་སྐྱོང་སྲུང་མ་ མེས་མེས་དྭངས་ལིང་དང་ཨ་སྦི་ཇོ་མོ་གཉིས་ལུ་ གསོལ་མཆོད་ཕུལཝ་ཨིན་མས།

དམར་མཆོད་ཀྱི་གསོལ་མཆོད་ཕུལ་ཚར་ཞིནམ་ལས་ དེ་ཁར་འཛོམས་མི་ཕོ་མོ་རྒས་གཞོན་མེད་པར་ མི་གཉིས་གཉིས་འབད་དེ་ ལགཔ་ཕར་ཚུར་ལྷག་པའི་གུར་རྟ་བཞོན་རྐྱབ་སྟེ་ བོན་པོ་གིས་འཁྱིད་དེ་ མཆོད་བཤམས་བསྐོར་ར་རྐྱབ་པའི་སྐབས་ མི་ག་ར་གིས་ ཝ་ཡོ། ཝ་ཡོ། དང་ བཱའེ་བཱའེ་ཟེར་ སྐད་ཤུགས་སྦེ་རྐྱབ་དགོཔ་ཨིན་མས། དེ་ལས་ མི་ཚུ་གི་ཧེམ་ཅུང་ནང་ལུ་ ཀར་ཕྱེ་བླུགས་ཏེ་ཡོད་མི་འདི་ གཅིག་གིས་གཅག་གི་ཁ་ནང་ལུ་ བླུགས་བྱིན་དོ་ཡོདཔ་མ་ཚད་ མགོ་ཏོ་ལས་འགོ་བཙུགས་ རྐང་པའི་རྩ་བར་ཚུན་ཚོད་གཏོར་ བྱིན་སྲོལ་ཡོད་མི་འདི་ ཕྱེ་མར་གཏོར་བའི་ཚུལ་ཨིནམ་དང་ དེ་གི་དོན་དག་ཡང་ ཚེ་རིངམོ་སྦེ་ མི་ལོ་བརྒྱ་དང་ བརྒྱ་སྦེ་སྡོད་པའི་རྟེན་འབྲེལ་ལུ་ མགོ་ཏོ་གི་སྐྱ་དཀརཔོ་བཟོཝ་ཨིན་མས། དེ་གི་སྐབས་ལུ་ དགའ་སྤྲོའི་རྣམ་འགྱུར་དང་ ཚོར་སྣང་མ་གཏོགས་ ཁོང་ཁྲོའི་རིགས་ཀྱི་རྣམ་འགྱུར་བཏོན་མ་ཆོགཔ་ཨིན་མས། དེ་ཁར་འཛོམས་མི་ཚུ་གིས་ར་འབད་རུང་ རང་སོའི་ཁྱིམ་ནང་ལས་ བཟའ་འཐུང་ལོངས་སྤྱོད་ཀྱི་རིགས་ཆ་མཉམ་ར་ བསྡམས་འབག་འོང་སྟེ་ སྦང་ཆང་། སིལ་ཆང་། (སིང་ཆང་།) ཨ་རག་ལས་འགོ་བཙུགས་ཏེ་ བར་ན་བཙུགས་ཏེ་ ཕ་མེས་བསྟེན་པའི་ཡུལ་ལྷ། དགྲ་ལྷ། སྐྱེས་ལྷ། ཕོ་ལྷ། འགོ་བའི་སྲུང་མ་ཚུ་ལུ་ ལོ་དུས་ཀྱི་གསོལ་མཆོད་གཏང་རག་ཕུལ་བའི་ དགའ་སྟོན་དང་སྤྲོ་བ་སྟོནམ་ཨིན་མས།

ཨིན་རུང་བོན་གསོལ་དེ་ལུ་ དད་པ་ཡིད་ཆེས་མེད་པའི་མི་ དཔྱེ་འབད་བ་ཅིན་ ནང་ཆོས་འབད་མི་ཚུ་ གསོལ་མཆོད་ཕུལ་ནིའི་ས་གོ་ནང་ལུ་ འཛུལ་མི་བཅུག་ནིའི་དོན་ལུ་ སྒོ་བསྡོམས་ཏེ་བཞག་དོ་ཡོདཔ་ཨིན་མས། གལ་སྲིད་ མི་ཚུ་གིས་མ་ཤེས་པར་ ས་གོ་ནང་ན་འཛུལ་སོང་པ་ཅིན་ རྟེན་འབྲེལ་མ་ལེགསཔ་དང་ རྟེན་འབྲེལ་འཁྲུགས་སོང་པའི་རྟགས་ཨིནམ་སྦེ་ ཡིད་ཆེས་སྐྱེད་དོ་ཡོདཔ་མ་ཚད་ དེ་གུ་ལུ་ གཡུས་སྒོ་ནང་ལུ་བྱ་སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ཁ་ཉེས་ཚུ་ག་ར་ མི་དེ་ལུ་བཀལ་སྲོལ་ ཡོདཔ་ཨིན་མས། དོ་རུང་ བོན་གསོལ་དེ་གི་སྐབས་ལུ་ མི་ག་གིས་ཡང་ དགེ་བའི་ལཱ་ མ་ཎི་ལ་སོགས་པ་དང་ དུས་རྒྱུན་གྱི་ཁ་ཐུན་ཚུ་ཡང་ གཏང་མི་ཆོགཔ་ཨིན་མས།

མ་གཞི་བསྡུད་ཟའི་གསོལ་མཆོད་ཀྱི་ དང་ཕུ་ཕ་མེས་ཀྱི་སྐབས་ལས་ བརྩི་སྲུང་ཞུ་སྲོལ་ཡོད་པའི་སྲོལ་རྒྱུན་ཅིག་ཨིན་རུང་ དེ་ནང་ལུ་བཅའ་སྒྲིག་གི་སྐབས་ མཆོད་ཟས་ཀྱི་རིགས་དང་ལཱ་དང་བྱ་བ་ཚུ་ཡང་ མི་དགེ་བའི་ལཱ་ཙང་ཙ་འབདཝ་ལས་ གཡུས་མི་གོ་ཤེས་ཉན་ཤེས་ཅན་དང་ བློ་དང་རིག་པ་ལྡན་མི་ཚུ་གིས་ གྲོས་བསྟུན་ལེགས་ཤོམ་སྦེ་འབད་དེ་ མཐའ་མཇུག་ལུ་སྲོལ་རྒྱུན་དེ་ ཤོལ་བཞག་ནིའི་ཐག་བཅད་ཡོདཔ་ཨིན་མས། དེ་མ་ཚད་ གཡུས་མི་ཚུ་གིས་ཞུ་བ་ཡང་ དེ་བསྒང་གི་ནང་སྲིད་བློན་པོ་ གཏམ་ཞིང་རྒྱ་གར་མཆོག་ལུ་ཕུལཝ་བཞིན་དུ་ སྤྱི་ལོ་ ༡༩༦༦ པའི་སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༣ ལུ་ སྲོལ་མཆོད་དེ་ བཀག་དགོ་པའི་བཀའ་རྒྱ་ཐོབ་པའི་ཉིནམ་གཉིས་ཀྱི་ཤུལ་ལུ་ གཡུས་མི་ཆ་མཉམ་བློ་སེམས་གཅིག་མདུན་གྱི་སྒོ་ལས་ སྲོལ་མཆོད་དེ་ཤོལ་བཞག་ཡོདཔ་ཨིན་མས། དེ་གི་ཤུལ་ལས་ ག་ནི་བ་རྩ་ཆེ་བའི་བླ་མ་རྒྱལ་བ་གོང་མ་ རྒྱལ་དབང་ཀརྨ་པ་ སྐུ་ཕྲེང་ ༡༦ པ་ རང་འབྱུང་རིག་པའི་རྡོ་རྗེ་ (༡༩༢༤–༡༩༨༡) དང་ སྐྱབས་རྡེ་བདུད་འཇོམས་རིན་པོ་ཆེ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ། (༡༩༠༤-༡༩༨༧) དེ་ལས་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ (༡༩༡༠-༡༩༨༨) ཚུ་ལས་ གཡུས་མི་ཚུ་ བཀའ་སྒོ་ཚུ་ཡང་ཞུ་བའུ་ཤུལ་ལུ་ བོན་གསོལ་ཀྱི་རིགས་རྩ་མེདཔ་སྦེ་གྱུར་ཡོདཔ་ཨིན་མས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
གཡུ་རུང་རྒེད་འོག་གི་མི་སྡེ་ཚུ་ མང་ཤོས་ར་ སོ་ནམ་དང་སྒོ་ནོར་གྱི་འཐོན་སྐྱེད་ཚུ་ལུ་བརྟེན་ཏེ་ འཚོ་བ་སྐྱོང་དོ་ཡོདཔ་དང་ དང་ཕུ་འབད་བ་ཅིན་ བོན་ཆོས་ལུ་དད་པ་ཡིད་ཆེས་ཡོད་པའི་ མི་སྡེ་ཅིག་ཨིན་རུང་ བོན་པའི་སློབ་དཔོན་ ཀ་པའེ་ཟེར་མི་འདི་ སྤྱི་ལོ་ ༡༩༦༦ ལུ་ གཤགས་ཞིནམ་ལས་ བོན་ཆོས་ཀྱི་གསོལ་མཆོད་རིགས་མང་ཤོས་ཅིག་ཉམས་སོང་སྟེ་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ མི་སྡེ་ཆ་མཉམ་ར་ ནང་པའི་ཆོས་སྒོར་ཞུགས་ཏེ་ བོན་ཆོས་ཀྱི་སྲོལ་ཚུ་ཤོལ་བཞག་སྟེ་ ཉམས་སོང་སྟེ་འདུག།


ཞིབ་འཚོལ་འབད་མི། བསོད་ནམས་བཟང་མོ། གཡུ་རུང་སློབ་གྲྭ་ལྟེ་བ། གཡུ་རུང་རྒེད་འོག། པདྨ་དགའ་ཚལ་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།