ལམ་སྲོལ་ཆ་ཤས།

Elements

ཨཱ་སཱ་ནེ། བལ་གདན།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
སྔར་སྲོལ་ལག་བཟོའི་རིག་རྩལ།
ས་གནས།
དར་དཀར་བཀྲ་ཤིས་གཡང་རྩེ་རྫོང་ཁག་ (དར་དཀར་ན།) འདི་ འབྲུག་རྒྱལ་ཁབ་ཀྱི་ནུབ་ཕྱོག་དང་ལྷོ་ཕྱོགས་མཚམས་ལུ་ ཆགས་ཡོད་པའི་འམཐའ་ཟུར་གྱི་རྫོང་ཁག་ཅིག་ཨིན། རྫོང་ཁག་དེ་ནང་ རྒེད་འོག་ ༡༤ ཡོདཔ་དང་ ས་རྒྱ་འབད་བ་ཅིན་ ཨིསི་ཀྭེཡར་ཀི་ལོ་མི་ཊར་ ༡་༣༨༩ དེ་གི་ནང་ལུ་ སྤྱི་ལོ་ ༢༠༠༥ གི་མི་རྩིས་ཐོ་བཀོད་དང་འཁྲིལཝ་ད་ མི་རློབས་གྱངས་ཁ་ ༡༨་༢༢༢ ཡོདཔ་སྦེ་འདུག། མི་སེར་ཚུ་ཡང་ མང་ཤོས་ཅིག་སོ་ནམ་དང་ སྒོ་ནོར་སེམས་ཅན་གྱི་འཐོན་སྐྱེད་ཚུ་ལུ་བརྟེན་ཏེ་ འཚོ་བ་སྐྱོང་དོ་ཡོདཔ་དང་ ས་ཆའི་མཐོ་དམན་ཡང་ རྒྱ་མཚོ་ལས་ མི་ཊར་ ༦༠༠ ལས་ ༣་༨༠༠ གྱི་བར་ན་ཆགས་ཡོདཔ་ལས་ སྐྱེ་ལྡན་རིགས་སྣའི་བྱེ་བྲག་ཡང་ གནམ་གཤིས་བསིལ་དྲོད་སྙོམ་ཏོག་ཏོ་ལས་འགོ་བཙུགས་ མཐའ་མཚམས་ ཚ་དྲོད་དང་ལྡནམ་སྦེ་ཡོདཔ་ལས་ བརྒྱ་ཆ་ ༧༩ དེ་ཅིག་ནང་ ཚན་དན། ཨ་གུར། སྟོང་ཕུ། སཱལ་གྱི་ཤིང་ལ་སོགས་པ་ཚུ་ འབོར་ཆེ་ཏོག་ཏོ་འབད་ཡོདཔ་ཨིན། བལ་གདན་གྱི་སྐོར་ལས་ ཞིབ་འཚོལ་འབད་སའི་ས་གནས་བཟུམ་འབད་བ་ཅིན་ སྤུན་བཞི་གཡུས་ཚན་ཟེར་ དར་དཀར་ན་རྫོང་ཁག ཀར་ནག་རྒེད་འོག་ལུ་ ད་ལྟོའི་བར་ན་ཡང་ སྒོ་ནོར་ལུག་ཚུ་གསོ་སྐྱོང་འཐབ་སྡོད་མི་ ཨམ་སྲུ་རེ་གཉིས་ཀྱིས་ བལ་གྱི་གདན་འཐག་ཐགས། འཕྲལ་འཕྲལ་སྐབས་ ལུག་འཚོ་མི་ཁྱིམ་ཚང་ཚུ་ལས་བལ་ཉོ་ཞིན་ན་ གདན་གྱི་ཐོན་སྐྱེད་ཚུ་བཏོན་ཏེ་ གཡུས་ལུགས་ཀྱི་ལམ་སྲོལ་བདག་འཛིན་འཐབ་སྟེ་འདུག། དེ་བཟུམ་སྦེ་ བཙན་མདའ་སྒང་གཡུས་ཚན་ནང་ལུ་ དང་ཕུ་འབད་བ་ཅིན་ སུན་ཏ་ལེ་ཟེར་མི་ནང་ཡང་ ཁྱིམ་གུང་དག་པ་ཅིག་གིས་ རིག་རྩལ་རྒྱུན་སྐྱོང་འཐབ་སྟེ་ཡོདཔ་ཨིན་མས། མ་གཞི་ བལ་གྱི་གདན་ལག་ལེན་འཐབ་ནིའི་སྲོལ་འདི་ ལྷོ་མཚམས་པའི་ནང་ལུ་ལེགས་ཤོམ་ཅིག་ཨིནམ་སྦེ་ བརྩི་མཐོང་སྐྱེད་སྲོལ་ཡོད་རུང་ དེ་ནང་གི་མི་སྡེ་དག་པ་ཅིག་རྐྱངམ་གཅིག་གིས་ཐགས་སྲོལ་ཡོདཔ་ཨིན་རུང་ དུས་ཀྱི་འགྱུར་བ་དང་མི་སྡེའི་དཔལ་འབྱོར་ལས་བརྟེན་ དཀོན་དྲགས་ཅན་གྱི་ལམ་སྲོལ་ བྱེ་བྲག་ཅིག་སྦེ་གྱུར་ཏེ་འདུག།
ངོས་བཟུང་འབད་བའི་ལོ།
2022
འགྲེལ་བཤད།
ལྷོ་མཚམས་པའི་ཁ་སྐད་ལས་ ཨཱ་སཱ་ནེ་ཟེར་ རྒྱུ་ལུག་གི་སྤུ་ལུ་རང་བཞིན་གྱི་ཚོས་རྐྱབ་ཞིནམ་ལས་ གདན་ཐགས་ཡོད་མི་ བལ་གྱི་གདན་ལུ་སླབ་ཨིན། གདན་གྱི་ཁྲ་འདི་ མང་ཤོས་གཞི་དཀརཔོ་གུར་ གནགཔོ་གི་ཐིག་ཁྲ་རྐྱབ་སྟེ་འོངམ་ཨིནམ་དང་ མིང་གནས་ ཨཱ་སཱ་ནེ་འདི་ཡང་ གུས་བཀུར་གྱི་དོན་དང་བཅསཔ་སྦེ་ མིང་གི་རྣམ་གྲངས་ ཨཱ་སཱན། གཱ་རཱན། གར་ནུསི་ཟེར་བའི་མིང་ཚིག་ཚུ་གི་ ས་ཁར་བཞུགས། ཡང་ཅིན་ སྡོད་གནང་ཟེར་བའི་དོན་ཨིནམ་དང་ དེ་ལས་ ཨཱ་སཱན་ལུ་ ཚིག་གྲོགས་ནེ་སྒྲ་སྦྱར་བ་ཅིན་ མིང་རྐྱང་ བཞུགས་ནིའི་གདན་ལུ་གོཝ་ཨིན། གདན་གྱི་ཁྲ་ཚུ་ཡང་ ཚོས་འདྲ་མིན་སྣ་ཚོགས་ འཐོབ་ཐངས་དང་འཁྲིལ་ཏེ་ཐགས་དོ་ཡོདཔ་ཨིན་རུང་ མང་ཆེ་ཤོས་ཅིག་ གཞི་དཀརཔོ་གུར་ གནགཔོ་གི་ཐིག་ཁྲ་རྐྱབ་རྐྱབ་དང་ འཕྲལ་འཕྲལ་སྐབས་ གནག་ཁྲ་ཆུང་སུ་སྦེ་འོངམ་ཨིནམ་དང་ ཁྲ་དེ་གཉིས་ཡང་ མཁོ་འདོད་སྐྱེད་མི་ཚུ་གིས་ ལེགས་ཧིང་དང་འཁྲིལ་ འཐག་མཁནམ་ཚུ་གིས་ བཟོ་དབྱིབས་གྲུ་བཞི་དཀྱུས་རིང་སུ་སྦེ་ གདན་གྱི་བཀོད་དང་འཁྲིལ་ འཐག་ཐགས་སྲོལ་ཡོདཔ་ཨིན།

གདན་གྱི་འབྱུང་ཁུངས་ངོ་མ་ར་ སྒོ་ནོར་སེམས་ཅན་ཚུ་གི་གྲས་ལས་ ལུག་གསོ་སྐྱོང་འཐབ་མི་མི་སྡེ་ཚུ་གིས་ ལྷོ་མཚམས་པའི་ཁ་སྐད་ལས་ རཱ་རེ་ཟེར་མི་ གདན་གྱི་ཐོན་སྐྱེད་བཏོན་དོ་ཡོདཔ་དང་ འདི་ཡང་ མི་སྡེ་དེ་ཚུ་ལུ་ དཔལ་འབྱོར་འོང་བབས་བཟོ་ནིའི་དོན་ལུ་ གདན་ཚུ་ཐགས་ཞིནམ་ལས་ ཁྱིམ་ནང་འཚོ་བ་སྐྱོང་ནིའི་ མཁོ་གལ་ཆེ་བའི་བཀབ་གོ་ལ་དང་ ཁྱིམ་ཆས་ཚུ་དང་མཉམ་ བརྗེ་སོར་འབད་ནིའི་དོན་ལུ་ཨིན་མས། ཨིན་རུང་ ལུག་འཚོ་སྐྱོང་འཐབ་མི་ གཡུས་མི་ཆ་མཉམ་གྱིས་གདན་དེ་ ཐགས་མི་ཤེས་དོ་ཡོདཔ་མ་ཚད་ གདན་ཐགས་ཏེ་འཚོ་བ་སྐྱོང་སྡོད་མི་ མི་སྡེ་ལོགས་སུ་སྦེ་ཡོདཔ་ལས་ གདན་གྱི་ཐོན་སྐྱེད་ཚུ་ཡང་ ཁོང་ཚུ་གི་བློ་རིག་རྒྱུ་དངོས་བཟུམ་ཅིག་ཡང་ཨིན་མས། གདན་ཐགས་ནི་འདི་ མང་ཤོས་ཅིག་མི་སྡེ་དེ་ནང་གི་ ཨམ་སྲུ་ཚུ་གི་ནང་འཁོད་ལུ་ ཁྱབ་ཆེཝ་འབད་ཡོདཔ་དང་ འདི་ཡང་ ཁོང་ལུ་སྤྲོ་བ་དང་དག་སྣང་ཡོད་མི་དང་ ཁྱིམ་ནང་ལུ་ དཔལ་འབྱོར་ལྷན་ཐབས་འབད་ནིའི་དོན་ལུ་ཨིན་མས། འཐག་མཁནམ་ དིལ་མ་ཡ་གིས་བཤད་དོ་བཟུམ་འབད་བ་ཅིན་ ཨཱ་སཱ་ནེ་གདན་འདི་ འབྱུང་ཁུངས་ངོ་མ་ ཁྱིམ་ཚང་རྒྱལ་ཁབ་ཀྱི་སི་ཀིམ་མངའ་སྡེ་ལས་ དར་ཡོདཔ་སྦེ་ཐེ་ཚོམ་གྱི་སྒོ་ལས་སླབ་ནི་འདུག།

ད་རེས་ནངས་པ་ བལ་གྱི་གདན་ཐགས་ནི་དང་སྤྱོད་ནིའི་སྲོལ་འདི་ མི་ཚུ་གི་དཔལ་འབྱོར་དང་ སྡོད་ཐངས་བཅའ་ཐངས་ཀྱི་རྣམ་གཞག་ཚུ་ སོར་འགྱོ་མི་ལས་བརྟེན་དང་ གདན་དེ་གི་སྐུདཔ་ཚུ་ཐོན་འགྱོ་སྟེ་ བལ་ཚུ་ཁྱིམ་གྱི་ཐིང་གཞིའི་ཕྱོགས་ག་ཏེ་ཡང་ཁྱབ་འགྱོ་མི། དེ་ལས་ གདན་གཙང་སྦྲ་དང་ལྡནམ་སྦེ་བཞག་ནིའི་དོན་ལུ་ འཕྱག་པ་མི་ལས་དང་ གདན་འཐག་ནིའི་དོན་ལུ་ བལ་གྱི་སྐུདཔ་བཟོ་མི་ཚུ་ལས་བརྟེན་ མཐའ་འཁོར་གནས་སྟངས་ ཁམས་ལོག་སི་སི་སྦེ་བཟོཝ་མ་ཚད་ འཐག་ཐགས་ནིའི་བྱ་རིམ་ཡང་ལེ་ཤག་ཡོདཔ་ལས་ འཐག་ཐགས་མི་དང་ གདན་ལག་ལེན་འཐབ་མི་ཚུ་གི་རྒྱུད་ལུ་ སྤྲོ་བ་ཞན་སུ་ཐལ་ཡོདཔ་ལས་ ལག་ཤེས་འདི་ ཉམས་ཉེན་གྱི་གནས་སྟངས་ལུ་ལྷོད་དེ་ཡོདཔ་ཨིན།

དེའི་ནང་ལས་ཡང་ མི་དབང་མངའ་བདག་རིམ་བྱོན་ཚུ་གི་སྐུ་དང་གྲིབ་མ་ལས་བརྟེན་ མི་སྡེའི་ནང་འཁོད་ལུ་དཔལ་འབྱོར་དང་ མི་ཚེ་འཚོ་བའི་གནས་སྟངས་ཡར་དྲག་འགྱོ་ཡོདཔ་ལས་ བཙན་མདའ་སྒང་གཡུས་སྒོ་ནང་ལུ་ དང་ཕུ་ལས་དར་ཡོད་པའི་ ལུག་གསོ་ནིའི་ལུགས་སྲོལ་འདི་ཡང་ ཤོལ་བཞག་ཡོདཔ་མ་ཚད་ བལ་གྱིས་གདན་ཐགས་ནིའི་རིག་རྩལ་ཚུ་ཡང་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ སྣང་མེད་སྐྱུར་ཏེ་ཉམས་པའི་དུས་ལུ་ལྷོད་ཡོདཔ་ཨིན་རུང་ གལ་སྲིད་གཡུས་ཚན་དེ་ནང་ལུ་ ལུག་གསོ་ནིའི་སྲོལ་རྒྱུན་དེ་ སླར་གསོ་འབད་བ་ཅིན་ ལག་ཤེས་དེ་ ཡུན་བརྟན་སྦེ་གནས་ནིའི་གོ་སྐབས་འདུག། གནད་དོན་གཅིག་འདི་ དངོས་མེད་ལམ་སྲོལ་ཆོས་ཚན་འདི་བཟུམ་ཚུ་ སློབ་གྲྭའི་རྩ་གཞུང་ཚུ་ནང་ལུ་མ་བཙུགས་པར་ཡོདཔ་དང་ ཤེས་ཡོན་སྦྱངས་ཚར་མི་ན་གཞོན་ཚུ་ ལཱ་གཡོག་ལེགས་ཤོམ་འཐོབ་ནི་ལུ་རེ་ཆེས་སྐྱེད་དེ་ གཡུས་ཁའི་བཟོ་རིག་ལག་ཤེས་ལུ་སྤྲོ ་བ་མ་སྐྱེདཔ་ལས་བརྟེན་ཨིན་མས། ཨིན་རུང་ ད་ལྟོ་བལ་གྱི་གདན་ ཨཱ་སཱ་ནེ་ཐགས་ནིའི་སྲོལ་འདི་ ལག་ལེན་ཁྱབ་ཆེཝ་སྦེ་འཐབ་སྲོལ་མེད་རུང་ ལྷོ་མཚམས་པའི་ཁྱིམ་ཚུ་ནང་འགྱོ་སྟེ་བལྟ་བ་ཅིན་ མགྱོནམ་ཚུ་ཕེབས་པའི་སྐབས་ལུ་ བཞུགས་གདན་སྦེ་ཐིང་ནིའི་དོན་ལུ་ བདག་འཛིན་འཐབ་སྟེ་འོངམ་ཨིན།
དོན་དག།
ལྷོ་མཚམས་པའི་མི་སྡེ་ནང་ལུ་ རྒྱུ་ལུག་གི་བལ་ལས་ཐགས་པའི་གདན་རེ་ཡོད་པ་ཅིན་ མི་སྡེ་ནང་ལུ་བརྩི་མཐོང་སྦོམ་སྦེ་ཡོདཔ་མ་ཚད་ ཁྱིམ་ནང་མགྱོནམ་ཚུ་བྱོན་པའི་སྐབས་ལུ་ གུས་ཞབས་དང་བརྩི་བཀུར་ཡོད་པའི་བརྡ་མཚོན་ལུ་ གདན་དེ་བཞུགས་གདན་སྦེ་ཕུལ་སྲོལ་ ཡོདཔ་ཨིན་མས། ལྷོ་མཚམས་པ་ཚུ་གིས་ གདན་དེའི་ཁུངས་དང་དགོས་པ་མཁྱེན་མི་ཚུ་གིས་ གདན་དེ་ཕུལཝ་ཅིག་ གུས་ཞབས་ཀྱི་ཐོག་ལུ་ ས་ཁར་མ་སྡོད་པའི་ཧེ་མ་མགོ་སྒུར་ནིའི་སྲོལ་ཡོདཔ་དང་ གདན་གྱི་ཐོག་ཁར་སྡོད་མི་དེ་གིས་ཡང་ སྒྲིག་གཞི་གི་ཐོག་ལས་དེ་སྦེ་འབད་དགོཔ་དང་ འདི་ཡང་ མི་མང་ཆེ་བ་གིས་གདན་དེ་ མི་འཐོབ་དོ་ཡོདཔ་ལས་བརྟེན་ཏེ་ཨིན་སྦེ་བཤད་ཅི། གདན་འདི་ རང་ལས་མཐོ་བའི་བླམ་དང་གོང་མ་ཚུ་ལུ་ གུས་བཀུར་དང་དྲན་རྟེན་གྱི་བརྡ་མཚོན་ལུ་ ཕུལ་ཆ་སྦེ་ཕུལ་སྲོལ་ཡོདཔ་མ་ཚད་ གཉེན་སྟོན་གྱི་སྐབས་ལུ་ཨིན་རུང་ རང་གི་བུམོ་གཞན་གྱི་གནའམ་སྦེ་བཏང་པའི་སྐབས་ རང་གི་ཕ་མའི་བཤུལ་བཞག་སྦེ་བྱིན་སྲོལ་འདི་ ལྷོ་མཚམས་པའི་མཐུན་མོང་མ་ཡིན་པའི་ སྲོལ་རྒྱུན་ཅིག་ཨིན་མས། དེ་ལས་ རང་གི་བུམོ་དང་རྨགཔ་ཚུ་ དུས་ཡུན་རིངམོ་གི་རྒྱབ་ལས་ ཁྱིམ་ནང་ལོག་པའི་སྐབས་ལུ་ཡང་ མགྱོན་རྩ་ཅན་ཨིན་པའི་འདུ་ཤེས་སྐྱེད་དེ་ གདན་དེ་བཟུམ་ཐིངས་ཏེ་བྱིན་སྲོལ་འདུག། གདན་གྱི་ཚོས་གཞི་ དཀརཔོ་དང་གནགཔོ་སྦེ་ཡོདཔ་མི་འདི་ དཀརཔོ་འདི་གཙང་བའི་བརྡ་མཚོན་དང་ གནགཔོ་འདི་ ཁ་མདོག་དེའི་ལྡོག་ཕྱོགས་ཨིནམ་སྦེ་ ཡིད་ཆེས་སྐྱེདཔ་ཨིན་མས།

བལ་གདན་དེ་ལུ་ མཐོང་རྒྱ་སྦོམ་ཡོད་པ་གིས་མ་ཚད་པར་ མི་ནདཔ་ཚུ་ལུ་ཨིན་པ་ཅིན་ གཟུགས་གཡའ་ནིའི་ནད་གཞི་ཚུ་ དྲག་ནི་ལུ་ཡང་ ཕན་པ་ཡོདཔ་སྦེ་བཤད་ནི་འདུག། དོ་རུང་ ཚེས་བཅུ་རིམ་གྲོ་ཚུ་གི་སྐབས་ལུ་ཡང་ བླམ་སློབ་དཔོན་ཚུ་ལུ་ ཕུལ་ཆ་སྦེ་ཡང་ཕུལ་སྲོལ་ཡོདཔ་མ་ཚད་ ལུག་འཚོ་མི་ལུག་རྫིསཔ་ཚུ་གིས་ བལ་གདན་དང་ཡང་ཅིན་ རཱ་རེ་འདི་གཟུགས་ཁར་བཀབ་སྟེ་འགྱོ་བ་ཅིན་ ལུག་ཚུ་གིས་འཇམ་ཏོག་ཏོ་སྦེ་ངོ་ཤེས་ཚུགས་པའི་ཁར་ སེམས་ཅན་དེ་ཚུ་གིས་ ལུག་རྫིསཔ་གི་རྟིང་བདའ་སྟེ་ འོང་ནི་ལུ་ཁེ་ཕན་བཅས་ གཡུས་ལུགས་ཀྱི་ཤེས་བྱ་མ་འདྲཝ་ ལེ་ཤ་ཅིག་རྒྱུན་བཟུང་སྟེ་བཞག་དགོཔ་འདུག།
རྒྱུན་སྤེལ་ཐབས་རིག།
བལ་ཚུ་ལུག་ཚུ་ལས་བཏོགས་ཚར་ཞིན་ན་ ཉིནམ་གསུམ་གྱི་རིང་ལུ་ཆུ་ནང་སྦང་བཞག་སྟེ་ སྨན་དང་བླང་ལེབ་ཚུ་ག་ནི་ཡང་ ལག་ལེན་མ་འཐབ་པར་ ང་བཅས་རའི་བཀབ་གོ་ལ་འཁྱུ་དོ་བཟུམ་སྦེ་ དྲེག་པ་དགཔ་སྦེ་ཆུ་འཁྱུ་དགོཔ་ཨིན་མས། དེ་ལས་ ཉི་མའི་ནང་སྐམས་ཏེ་ གཡུས་སྐད་ལས་ ཁ་རེ་སོ་ཟེར་ ཁོང་ར་གིས་བཟོ་ཡོད་པའི་ལྕགས་ཤེད་ཚུ་ལག་ལེན་འཐབ་ཐོག་ལས་ བལ་འཛིངས་ཏེ་ཡོད་མི་ཚུ་བསལ། དེ་ལས་ ལྕགས་ཀཱར་ཟེར་ སྐུདཔ་འཁལ་ནིའི་འུང་ཚུ་ལག་ལེན་འཐབ་སྟེ་ སྐུད་སྦོམ་ཆུང་རན་ཏོག་ཏོ་སྦེ་ རང་གི་བློ་འདོད་ལྟར་དུ་བཟོ་སྲོལ་འདུག། སྐུད་ཚུ་ སྤག་ཤིང་གི་བཟོ་བའི་འཐག་ཤིང་གུར་བཀལ་ཏེ་ འཐག་སྦྱེལ་ཞིན་ལས་ འཐག་ཤིང་ཐང་ནང་སྒྲིག་བཞག་མི་གུར་ སྤྲིང་སྟེ་བཀལ་ཞིནམ་ལས་ གདན་ཐགས་ནིའི་ལཱ་འགོ་བཙུགསཔ་ཨིན་མས།

ཨིན་རུང་ ད་རེས་ནངས་པའི་གནས་སྟངས་ནང་བལྟ་བ་ཅིན་ བལ་གདན་ཐགས་ནི་འདི་ ཡོངས་གྲགས་སྦེ་མེདཔ་པའི་གུར་ ལུག་འཚོ་མི་ཁྱིམ་གུང་མང་ཤོས་ཅིག་གིས་ ལུག་གི་བལ་ལོ་གཉིས་ནང་ཚར་རེ་ལས་ བཏོག་ནིའི་སྲོལ་མེདཔ་ལས་ གདན་ཐགས་ནི་ཡང་ཉམས་སུ་ཐལ་ཡོདཔ་ཨིན། ལུག་གི་བལ་ཚུ་ཡང་ གནམ་ཟླ་དྲོ་བའི་དུས་སྐབས་ སྤྱི་ཟླ་ ༠༣ པ་དང་ ༠༤ དེ་ལས་ ༠༧ པའི་མཇུག་ཚུན་ གནམ་དགུན་མ་རན་པའི་སྔ་གོང་ལས་ སྤུ་བཏོགས་སྲོལ་ཡོདཔ་ཨིན་མས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
བལ་གདན་ཐགས་ནིའི་སྲོལ་འདི་ ལྷོ་མཚམས་པའི་མི་སྡེ་ནང་ལུ་ གུ་རུང་དང་ག་ལེའི་མི་རིགས་ཚུ་གི་སྲོལ་རྒྱུན་ཅིག་ཨིན་རུང་ ད་ལྟོ་ ཨམ་ཇིཏ་མ་ཡ་ཏ་མང་གིས་ ག་དེ་སྦེ་ལག་ཤེས་དེ་ཤེས་ཡོདཔ་ཨིན་ན་ཟེར་བ་ཅིན་ མོ་གི་ཨའི་ཚེ་འདས་འདི་ ཀར་ནག་རྒེད་འོག་ ཁ་སྨད་གཡུས་ཚན་ནང་ལུ་ གཞིས་བཅགས་ཞིནམ་ལས་ བཙན་མདའ་སྒང་རྒེད་འོག་གི་ བཙན་མདའ་སྒང་གཡུས་ཚན་ནང་ལུ་ཡོད་མི་ གུ་རུང་གི་ཨམ་ཅིག་ལས་ལྷབ་ཡོདཔ་སྦེ་བཤད་ཅི། དོ་རུང་ གནས་ཚུལ་བཤད་མི་ དིལ་མ་ཡ་གུ་རུང་གིས་སླབ་དོ་བཟུམ་འབད་བ་ཅིན་ བཙན་མདའ་སྒང་གཡུས་ཚན་ནང་ལུ་ བལ་གདན་ཐགས་ནིའི་སྲོལ་ཁྱབ་ཆེཝ་སྦེ་དར་ཡོད་མི་འདི་ དེ་བསྒང་ གཡུས་མི་མང་ཤོས་ཅིག་གིས་ ལུག་མངམ་སྦེ་གསོ་སྐྱོང་འཐབ་དོ་ཡོདཔ་ལས་ གཡུས་ནང་གི་ཨམ་སྲུ་མང་ཤོས་ཅིག་གིས་ གདན་ཐགས་སྲོལ་ཡོདཔ་སྦེ་བཤད་ཡོདཔ་ཨིན། རིག་རྩལ་ལྷབ་སྦྱངས་འབད་ནི་འདི་ཡང་ གལ་སྲིད་ ཨམ་སྲུ་ག་ར་སྦེ་རུང་ འཐག་ཐགས་ནིའི་སྤྲོ་བ་དང་འདོད་ཡོད་པ་ཅིན་ ཤེས་ཚུགས་དོ་ཡོདཔ་དང་ དེ་གིས་ བཟའ་ཚང་ནང་ལུ་དཔལ་འབྱོར་གོང་འཕེལ་ལུ་ཡང་ ཕན་ཐོགསཔ་ཨིན་ཟེར་བཤད་ཡོདཔ་ཨིན།

དོ་རུང་ རྒས་ཤོས་མཻ་ཏྲ་ལཱལ་གྱིས་སླབ་དོ་བཟུམ་འབད་བ་ཅིན་ བལ་གདན་ཐགས་ནི་འདི་ ཨམ་སྲུ་རྐྱངམ་གཅིག་གིས་མེན་པར་ ཕོ་སྐྱེས་ཚུ་གིས་ཡང་ཐགས་སྲོལ་ཡོདཔ་དང་ དཔྱེ་འབད་བ་ཅིན་ ཁོ་གི་ཨཔ་ཚེས་འདས་ཀྱིས་ཡང་ བལ་གདན་ཐགས་ནི་ཡོདཔ་སྦེ་སླབ་ཡོདཔ་ཨིན།

ཞིབ་འཚོལ་འབད་མི། ཀུན་བཟང་དབང་མོ། བརྡ་ལེགས་ཐང་སློབ་ཆུང་བ། བཀྲ་ཤིང་སྡིངས་རྒེད་འོག། དར་དཀར་ན་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།