ལམ་སྲོལ་ཆ་ཤས།

Elements

དཔའ་བོའམ་ཇག་ཀིརི།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
མི་སྡེའི་ལག་ལེན་དང་། ཆོས་ཕྱོགས་ཀྱི་མཛད་སྒོ། དུས་སྟོན་རྩིས་སྲུང་།
ས་གནས།
རྩི་རང་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷོ་དང་ནུབ་ཀྱི་མཚམས་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་ལས་སྦེ་ གསར་སྤང་རྫོང་ཁག་ཁ་ཐུག་ལུ་ འགྱོ་སའི་གཞུང་ལམ་ཁར་ཆགས་ཏེ་ཡོདཔ་ཨིན། རྫོང་ཁག་དེའི་སའི་ཆགས་སྟངས་ཡང་ གྱེན་གནམ་མེད་ས་མེད་གཟར་དྲག་མེད་པའི་ཁར་ གནམ་གཤིས་གནས་སྟངས་ཡང་ བསིལ་དྲོད་དང་ལྡན་ཏོག་ཏོ་སྦེ་ཡོདཔ་མ་ཚད་ དེ་ནང་ལུ་ གཞིས་ཆགས་ཡོད་མི་མང་ཤོས་ཅིག་ ལྷོ་མཚམས་པའི་མི་རིགས་ཚུ་ཨིནམ་དང་ ཁ་སྐད་ཡང་ ལྷོ་མཚམས་པའི་ཐོག་ལུ་བརྡ་དོན་སྤྲོད་ལེན་འབདཝ་ཨིན། རྫོང་ཁག་དེ་ནང་ལུ་ རྒེད་འོག་ཡོངས་བསྡོམས་ ༡༢ ཡོད་ས་ལས་ སེམས་ལྗོངས་རྒེད་འོག་འདི་གཅིག་ཨིནམ་དང་ རྒེད་འོག་དེ་ རྫོང་ཁག་ལས་ ཀི་ལོ་མི་ཊར་ ༢༠ དང་ ས་རྒྱ་འབད་བ་ཅིན་ ཧ་ལམ་ཀི་ལོ་མི་ཊ་ ༡༤་༥ གྲུ་བཞི་དང་ རྒྱ་མཚོ་ལས་མཐོ་ཚད་ལས་ མི་ཊར་ ༩༠༠ ལས་ ༡༦༠༠ གྱི་མཚམས་ལུ་གཞིས་ཆགས་ཡོད་མི་ནང་ སྤྱི་འོག་ ༥ ཡོད་མི་ཡང་ བཀྲ་ཤིས་གླིང་སྟོད། བཀྲ་ཤིས་གླིང་སྨད། འཛོམས་གླིང། འབྲང་རྗེས་སྒང་དང་ བདེ་སྐྱིད་གླིང་ཚུ་ཡོདཔ་ཨིན། སེམས་ལྗོངས་གཡུས་ཚན་ནང་ལུ་ གཞིས་ཆགས་སྡོད་མི་ཁྱིམ་གུང་པ་མང་ཤོས་ར་ ལྷོ་མཚམས་ཚུ་ཨིན་རུང་ གཞིས་གསརཔ་དག་པ་ཅིག་ཡང་ཡོདཔ་ཨིན། རྒྱལ་ཁབ་གོང་འཕེལ་འགྱོཝ་ལས་བརྟེན་ཏེ་ གཞི་རྟེན་མཐུན་རྐྱེན་གྱི་རིགས་ག་ར་ཡོདཔ་མ་ཚད་ རྒེད་འོག་ཡིག་ཚང་གི་སྣུམ་འཁོར་ལམ་ ཀི་ལོ་མི་ཊར་ ༢༠ དེ་ཅིག་ རྩིས་སྣག་བཏང་སྟེ་ཡོདཔ་དང་ ལྷག་ལུས་སྤྱི་འོག་གཞན་མིའི་འཁོར་ལམ་ཚུ་ཡང་ རྡོ་ཧྲུག་བླུགས་ཏེ་ཡོདཔ་ཨིན། མི་སེར་མང་ཤོས་ཅིག་ འཚོ་བ་སོ་ནམ་དང་སྒོ་ནོར་སེམས་ཅན་ཚུ་ མཐའ་སྐྱོང་འཐབ་སྟེ་སྡོད་དོ་ཡོདཔ་དང་ ཆོས་ལུ་ཡང་དད་པ་ཡོདཔ་ལས་བརྟེན་ རང་ལུགས་ཀྱི་སྨན་བཅོས་རིམ་གྲོ་ལུ་ དག་སྣང་སྐྱེདཔ་ཨིན་མས། མ་གཞི་ཧེ་མ་འབད་བ་ཅིན་ སེམས་ལྗོངས་གཡུས་ཚན་ནང་ལུ་ ཇག་ཀིརི་མང་སུ་འབད་ཡོད་རུང་ མང་ཤོས་ཅིག་ གཡུས་ཚན་གཞན་ཁར་གཞིས་སྤོ་འགྱོ་ཡོདཔ་ལས་བརྟེན་ རེ་གཉིས་ལས་མེད་རུང་ དེ་ཚུ་གིས་ རང་རྐྱང་གི་དོན་ལུ་མ་བལྟ་བར་ མི་སེར་ཚུ་གི་མཐའ་དོན་ལུ་དམིགས་ཏེ་ གཡུས་ཚན་ནང་ལུ་རང་བཞིན་གྱི་རྐྱེན་ངན། མི་གི་སྐྱེ་མཆེད་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ བྱ་སྟབས་མ་བདེཝ་རེ་བྱུང་ཚེ་ དེ་ཚུ་ སེལ་ཐབས་ཀྱི་བསླབ་བྱ་དང་གྲོགས་རམ་གྱི་ཞབས་ཏོག་ཚུ་ ཕུལཝ་ཨིན་མས།
ངོས་བཟུང་འབད་བའི་ལོ།
2022
འགྲེལ་བཤད།
ལྷོ་མཚམས་པའི་ཁ་སྐད་ལས་ དཔའ་བོ། ཇག་ཀིརི། ཡི་ཅིན་ དྷ་མི་ཟེར་མི་འདི་ ལྷོ་མཚམས་པའི་མི་སྡེ་ནང་ལུ་ མི་མིན་འབྱུང་པོ་ཚུ་གི་གདོན་ཁ་དང་གནོད་ཁ་ཚུ་གི་ ན་ཚ་ཚུ་ལས་གསོ་ཐབས་ལུ་ གཡུས་ལུགས་ཀྱི་སྨན་བཅོས་རིམ་གྲོ་འབད་མི་ མི་ངོམ་གྱི་མིང་གནས་ཅིག་ཨིན་མས། དང་ཕུ་ ད་རེས་ནངས་པའི་མཚན་རིག་གི་སྨན་བཅོས་འབད་ནི་དང་ སྨན་པ་ཚུ་མེད་པའི་དུས་སྐབས་ལུ་ མི་ཚུ་གིས་ ནད་རིགས་དང་གདོན་ཚུ་བཅོས་ཁ་རྐྱབ་ནི་དོན་ལུ་ གཡུས་ལུགས་ཀྱི་སྨན་བཅོས་འབད་ནི་འདི་ ལྷོ་མཚམས་པའི་ཁ་སྐད་ལས་ ཅིམ་ཏ་དང་ཇཱག་ཀིརི་ཚུ་ རང་སོའི་ཁྱིམ་ནང་ལུ་གདན་འདྲེན་ཞུ་སྟེ་ རིམ་གྲོ་འབད་སྲོལ་ཡོདཔ་ཨིན་མས། ཇག་ཀིརིའི་འབྱུང་ཁུངས་འདི་ཡང་ ཧིན་དྷུའི་ཆོས་ལུགས་ཀྱི་ལྷ་ཆེན་ ཤི་ཝ་དང་དེའི་གསང་ཡུམ་པར་ཝཱ་ཏི་གཉིས་ཀྱི་ ལོ་རྒྱུས་དང་འབྲེལ་བ་ཡོདཔ་བཤད་སྲོལ་ཡོདཔ་དང་ འདི་ཡང་ ལྷ་མོ་སཱ་ཏི་ཟེར་མི་ཅིག་གིས་ འཇིག་རྟེན་འཛམ་བུ་གླིང་ནང་ལུ་ ཡབ་རྒྱལཔོ་ཧི་མ་ཝཏ་དང་བཙུནམོ་མེ་ན་གཉིས་ཀྱི་སྲསམོ་སྦེ་སྐུ་འཁྲུངས་ཏེ་ དུས་ཚོད་དེ་སྐབས་ར་ ནཱ་རཏ་མུ་ནི་ཟེར་ ཁྱད་དུ་འཕགས་པའི་རིག་པ་ལྡན་པའི་ཁར་ གཏམ་ལོ་རྒྱུས་དང་གནས་ཚུལ་ཚུ་ སླབ་ནི་ལུ་མཁས་པའི་མི་ཅིག་ སྲསམོ་དེ་མཇལ་བར་འོང་ཞིནམ་ལས་ ལྷ་ཆེན་དབང་ཕྱུག་དང་མཉམ་ གཉེན་རྐྱབ་ནིའི་ལུང་བསྟན་ཡོད་པའི་ལོ་རྒྱུས་ཚུ་ཞུ་ནུག། སྲསམོ་དེ་ སྦོམ་འགྱོ་བའི་སྐབས་ ལྷ་ཆེན་དབང་ཕྱུག་གི་སྐོར་ལས་མནོ་བསམ་གཏང་སྟེ་ སེམས་གཡེང་སྟེ་སྡོད་དོ་ཡོདཔ་ད་ དུས་ནམ་ཅིག་གི་ཚེ་ སྲསམོ་པར་ཝཱ་ཏི་འདི་ གཉེན་རྐྱབ་ནིའི་དུས་ཚོད་ལུ་ལྷོད་དེ་ མོ་ར་ལས་ངན་འཛད་ཐབས་དང་ ལྷ་ཆེན་དབང་ཕྱུག་གི་ཐུགས་མཉེས་ཐབས། དེ་ལས་ ལྷ་ཆེན་མཆོག་གི་བཙུནམོ་སྦེ་འབད་ཐབས་ལུ་ གངས་རི་ཧི་མ་ལ་ཡ་ལས་ཕར་འགྱོ་སྟེ་སྡོདཔ་ད་ ལྷ་ཆེན་མཆོག་ཡང་ མོ་གི་དད་པ་དག་སྣང་། བློ་འདོད་དང་འཁྲིལ་ཏེ་ གསང་ཡུབ་སྦེ་བཞེས་མཆིས་ནུག།

ཁོང་གཉིས་མཉམ་གཅིག་སྦེ་ ལོ་ཡུན་ལོ་ཤ་ཅིག་སོང་བའི་མཐའ་མར་ ལྷ་ཆེན་མཆོག་སྐུ་སྙུན་གཞི་དྲག་པོ་སྦེ་ཐེབས་ཏེ་ རྩ་ལས་ར་དྲག་མ་ཚུགས་པར་བཞུགསཔ་ད་ ལྷ་ཆེན་གྱིས་དེ་གི་རྒྱུ་རྐྱེན་གཙོ་བོ་ར་ གསང་ཡུམ་པར་ཝ་ཏི་འདི་ ལྷོ་མཚམས་པའི་ཁ་སྐད་ལས་ བཱོག་ཤི་ཟེར་ གསོན་འདྲེ་བཟུམ་ཅིག་ཨིན་སྦེ་མཁྱེན་ནུག། དེ་ལས་ ལྷ་ཆེན་གྱིས་ཁོ་རའི་སྐུདཔ་ལུ་བཤད་དེ་ སྐུདཔ་དེ་གིས་ མོ་གི་རྒྱུད་ལུ་ཡོད་པའི་གདོན་ཁམས་དེ་ ཁ་འབྱལ་གཏང་ནི་དང་ཡང་ཅིན་ ཁྲུས་གསོལ་འབད་དེ་སངས་འཐབ་ཡོདཔ་སྦེ་ཞུ་རུང་ ལཱ་འདི་འཇམ་ཏོག་ཏོ་ཅིག་མེནམ་མཁྱེན་ཞིནམ་ལས་ ཐབས་ཤེས་ཀྱི་སྒོ་ལས་ གདོན་ཁམས་དེ་བཏོན་གཏང་ནིའི་ལཱ་བསྐོར་སྒྲིག་ནུག། དུས་ནམ་ཅིག་འབདཝ་ད་ པར་ཝ་ཏི་འདི་ ག་ཅི་ཅིག་གིས་སྦེ་ སེམས་གཡེང་སྡོད་པའི་བར་ན་ ལྷ་ཆེན་གྱི་སྐུདཔ་དེ་གིས་ མོ་གི་རྩ་བར་ཁུ་སིམ་སིམ་སྦེ་སོང་སྟེ་ སྐད་ཤུགས་སྦེ་ ཕཊ་ སྦྱངསམ་ད་ མོ་རྣམ་ཏོག་ལངས། འདྲོག་འབྱེལ་འཐབ་སྟེ་ རང་བཞིན་གྱིས་གདོན་ཁམས་དེ་སངས་སོཔ་ལས་བརྟེན་ དུས་དེ་ལས་ཚུར་ ཇཱག་ཀིརིའི་སྲོལ་གཏོད་ཡོད་པའི་ལོ་རྒྱུས་ཚུ་ འདྲི་བ་འདྲིས་ལན་འབད་མི་ མང་ཤོས་གྱིས་ཅོག་གཅིགཔ་སྦེ་བཤད་ནི་འདུག།

ད་མ་ཚད་ འཛོམས་གླིང་ཐང་སྤྱི་འོག་ལས་ རྒས་ཤོས་ཅིག་ཨིན་མི་ ཨཔ་སིང་བྷིར་པཱརཱ་དྷན་གྱིས་ ཧེ་མ་ཇང་གཱ་ལི་ཟེར་ ཇག་ཀིརི་གི་མིང་རྣམ་གྲངས་ཅིག་ཨིན་མི་འདི་ ལྷ་ཆེན་དབང་ཕྱུག་སྐུ་སྙུང་གཞི་ཐེབས་ཏེ་ཡོདཔ་ཤེས་ཏེ་ ཁོ་གི་སྐུ་མདུན་ལུ་བཅར་བའི་སྐབས་ ལྷ་ཆེན་གྱི་གཡས་ཁ་ཐུག་ལུ་ཁོ་སྡོད་བཅུག གཡོན་ཁ་ཐུག་ལུ་ པར་ཝཱ་ཏི་བཞུགས་བཅུག་ཞིནམ་ལས་ ཇང་གཱ་ལི་དེ་གིས་རྩྭ་ཀུ་ཤའི་འདབ་མ་ (སྐྱེ་ལྡན་རིགས་སྣའི་མིང་ Thysanolaena latifolia) ལག་ལེན་འཐབ་སྟེ་ ལྷ་ཆེན་མཆོག་སྨན་བཅོས་འབད་བའི་སྐབས་ ཁོ་གིས་སྒྱུ་མའི་ཐོག་ལས་ འདབ་མ་དེ་ཧྲིལ་བུམ་སྦེ་ལྐོལ་མ་གཏང་། ཆབ་གསང་ལས་ཡང་འདབ་མ་ག་ཨིནམ་སྦེ་བཏོན་ཚུགས་ནུག། དེ་གི་ཤུལ་ལས་ པར་ཝཱ་ཏི་ལུ་ ཁྱོད་ཀྱིས་ཡང་དེ་བཟུམ་སྦེ་འབད་ཤིག་ཟེར་ ལྷ་ཆེན་གྱིས་བཀའ་གནངམ་ད་ བཙུན་མོ་གི་འདབ་མ་དེ་ཧྲིལ་བུམ་སྦེ་ལྐོལ་མར་གཏང་ཚུགས་རུང་ ཨོལ་ལྐོག་ལས་མར་མ་ཐལ་བར་ དཀའ་སྡུག་མྱོང་པའི་བར་ན་ ཇང་གཱ་ལི་གིས་མོ་ལུ་ བློ་ཤུགས་སྦེ་ཁོག་གཏང་ཟེར་ཞུཝ་བཞིན་དུ་ མོ་གིས་ཡང་དེ་སྦེ་འབད་བའི་སྐབས་ རྩྭ་ཀུ་ཤ་འདབ་མ་དང་མཉམ་གཅིག་ གདོན་ཁམས་ཡང་ཐོན་ཡར་སོཔ་ལས་བརྟེན་ ད་རེས་ནངས་པ་ འདབ་དེ་ལུ་ལེགས་ཤོམ་སྦེ་བལྟ་བ་ཅིན་ ལྷ་མོའི་ཚེམས་ཀྱི་བཤུལ་དང་ལྡནམ་སྦེ་མཇལ་ཚུགསཔ་ལས་ ལོ་རྒྱུས་དེ་ལས་ཚུར་ ཇག་ཀིརིའི་སྲོལ་བྱུང་ཡོདཔ་སྦེ་བཤདཔ་ཨིན་མས།

ཇག་ཀིརི་འབད་ནི་འདི་ ཁོང་ར་གིས་རིག་པ་ལྷབ་སྦྱངས་འབད་དེ་ མཁས་མཆོག་ཅིག་ལུ་གྱུརཝ་མེན་པར་ ལྷ་ཆེན་དབང་ཕྱུག་གིས་གནང་པའི་ འགྲོ་བ་སེམས་ཅན་སེམས་གྱི་ལུས་ཀྱི་ནད་ཚུ་ སེལ་ཚུགས་པའི་ལུང་བསྟན་དགོཔ་ཨིནམ་དང་ མི་ག་ར་འབད་རུང་ དེ་བཟུམ་མའི་ལུང་བསྟན་ཡོད་པའི་མི་འདི་ རང་བཞིན་གྱིས་ ཇག་ཀིརི་ཡོན་ཏན་དང་ལྡན་སྦེ་འོང་པའི་ཁར་ ཆུང་ཀུ་བསྒང་ལས་ ནད་གཞི་མ་འདྲཝ་ཚུ་གིས་བཟུན་ཏེ་འོང་པའི་ལོ་རྒྱུས་འདུག། ནད་རྟགས་ཚུ་ཡང་ འཕྲལ་འཕྲལ་ར་ཕོཝ། མགུ་ཏོ། མགུ་འཁོར་ནི། སྐེདཔ་ན་ནི་དང་ དེ་ལས་ གཟུགས་ཀྱི་ཡན་ལག་ཚུ་ཡང་ རང་གིས་བཀག་མ་ཚུགསཔ་སྦེ་བྱུངམ་ཨིན་དང་ ལ་ལུ་ཅིག་ ཇག་ཀིརིའི་ལུང་བསྟན་ཡོད་མི་ཚུ་གིས་ འཁྲུལ་པའི་ཉམས་ཤར་ནི་ཚུ་བྱུང་སྲོལ་ཡོདཔ་ཨིན་མས། སྐྱེས་ལོ་ ༦༥ ལང་མི་ ཇག་ཀིརི་མན་བྷིར་ཁ་དྷལ་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ལུང་བསྟན་ཅན་གྱི་མི་དེ་ ཨའི་གི་ཕོཝ་ནང་ཆགས་པའི་སྐབས་ལས་ མ་འདྲཝ་སྦེ་འོང་ཡོདཔ་མ་ཚད་ ཨའི་གིས་ཡང་ ཨ་ལུ་ཕར་ཚུར་སྤར་ནི་དང་ གསིག་ནི་ཚུ་གི་ཚོར་བ་བྱུངམ་ཨིན་ཟེར་བཤད་ནི་འདུག།

ཇག་ཀིརི་ལུ་མངོན་ཤེས་ཡང་ མི་གཙང་སྦྲ་ཐོག་ལུ་སྡོད་མི། སེམས་ཁམས་རྣམ་དག་ཡོད་མི། དེ་ལས་ གཟུགས་ཁམས་ཀྱི་འཕྲོད་བསྟེན་ཡང་ སྒྲིང་སྒྲི་ཡོད་མི་ཚུ་ལུ་བྱུངམ་ཨིནམ་དང་ བར་སྐབས་རེ་ བླམ་རྒྱལ་བ་གོང་མའི་སྤྲུལ་སྐུའི་རྣམ་པ་སྦེ་ཡང་བྱོན་སྲོལ་ཡོདཔ་ལས་ ཐུགས་རྟགས་ཞུ་མི་ཚུ་གི་ ཚེ་རབས་སྔ་མའི་སྐྱེ་བ་དང་ལས་ཚུ་གི་སྐོར་ལས་ བཤད་དེ་བྱིན་ཚུགསཔ་ཨིན་མས། མཱན་བྷིར་ཁ་དྷལ་གྱིས་ ཇག་ཀིརི་ཚུ་རེ་གཉིས་ལས་མ་གཏོགས་ འཁྲུངས་སྲོལ་མེདཔ་ལས་ ད་ལྟོ་བཞུགས་ཡོད་མི་ ཇག་ཀིརི་ཚུ་མང་ཤོས་ཅིག་ སྤྱི་ལོ་ ༡༩༩༠ གི་ཧེ་མ་གི་ཨིནམ་དང་ ལ་ལུ་ཅིག་སྤྱི་ལོ་ ༡༩༩༠ ལོའི་ལྷོ་མཚམས་པའི་འབྱེལཝ་ལས་བརྟེན་ཏེ་ རྒྱལ་ཁབ་སྤངས་ཏེ་སོང་ཡོདཔ་སྦེ་བཤད་ཨིན་མས། གཡུས་མི་ཚུ་གིས་ དྷ་མི་འདི་ རྩ་ཅན་ཅིག་སྦེ་བརྩི་བཀུར་ཞུ་མི་ཡང་ ཁོང་གིས་ སྨན་ཁང་ནང་ལུ་ཡུན་རིངམོ་སྦེ་སྨན་བཅོས་འབད་དེ་ མ་དྲག་པར་ལུས་ཡོད་མི་ཚུ་ རིམ་གྲོའི་ཐབས་ལམ་གཞན་གྱི་སྒོ་ལས་ འགོ་འདྲེན་འཐབ་སྟེ་ དྲག་ཚུགས་པའི་ཕན་པ་ཚུ་ཡོདཔ་ཨིནམ་ལས་ ཇག་ཀིརི་གི་རིམ་གྲོ་དེ་ གཡུས་མི་མང་ཤོས་ཀྱིས་ ཡིད་དང་དག་སྣང་སྐྱེད་སྲོལ་ཡོདཔ་སྦེ་བཤདཔ་ཨིན་མས། མན་བྷིར་ཁ་དྷལ་གྱི་ཨམ་སྲུ་ དེའུ་མ་ཡ་གིས་ གལ་སྲིད་མི་ཅིག་ གདོན་དང་འབྱུང་པོ་ཚུ་གི་རླམས་ཞུགས་ཏེ་ མགུ་འཁོར་ནི་དང་ སྐེདཔ་ན་ནི། ཡང་ཅིན་ ན་ཚ་རེ་ཚུ་བྱུང་པའི་སྐབས་ལུ་ དེ་འཕྲོ་ལས་ ནདཔ་ཚུ་མོ་གི་རྨགཔ་འབད་ས་ལས་ གྲོགས་རམ་ཞུ་བར་འོང་སྲོལ་ཡོད་ཟེར་བཤདཔ་ནི་འདུག།

མཱན་བྷིར་ཁ་དྷལ་འདི་ ཁོ་རའི་ཕམ་ཚུ་དང་མཉམ་གཅིག་མི་ཚེ་ཧྲིལ་བུམ་ འཛོམས་གླིང་སྨད་ལུ་སྡོད་དོ་ཡོདཔ་དང་ ཁོ་ཇག་ཀིརི་སྦེ་ངོས་འཛིན་ འབད་ཞིནམ་ལས་ཚུར་ རྩི་རང་རྫོང་ཁག་རྐྱངམ་གཅིག་གིས་མ་དོ་བར་ གཡུས་གཞན་ལས་ཡང་ ན་ཚ་གིས་གདུང་སྡོད་མི་ཉམས་ཆུང་མང་རབས་ཅིག་ སྨན་བཅོས་རིམ་གྲོ་འབད་དེ་ ནད་རིགས་ཚུ་ལས་གསོ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕྱི་པའི་སྨན་བཅོས་དང་རང་ལུགས་ཀྱི་སྨན་བཅོས་རིམ་གྲོ་གཉིས་ཆ་ར་ ཟུང་འབྲེལ་སྦེ་བསྟེན་སྲོལ་ཡོདཔ་ཨིན་མས། དཔའ་བོ་དེ་གིས་ བདུན་ཕྲག་དག་པ་ཅིག་གི་ཧེ་མ་ གཟེར་ནད་ཀྱི་བཟུན་པའི་ནདཔ་ བུམོ་ཅུང་དང་མཉམ་གཅིག་ ཕམ་ཚུ་ཁོ་འབད་སར་འོང་སྟེ་ རིམ་གྲོ་ཡང་ཁོ་རའི་ཁྱིམ་ནང་སྦེ་འགོ་འདྲེན་འཐབ་ཞིནམ་ལས་ ཧེ་མ་ ངེའི་ཁྱིམ་ནང་འོང་པའི་སྐབས་ སྒྱེལ་ཏོ་ཁར་བའག་སྟེ་བཀལ་ཡོདཔ་དང་ ཤུལ་ལས་ ནདཔ་དེ་ཆ་རོགས་མ་དགོ་པར་ མོ་ར་གིས་ལམ་འགྱོ་ཚུགསཔ་སྦེ་ཐལ་ཡོདཔ་སྦེ་བཤད་ཅི། གནས་ཚུལ་དེ་བཟུམ་ལུ་བལྟ་བ་ཅིན་ མི་ཚུ་གིས་ ད་རེས་ནངས་པའི་འཛམ་གླིང་གི་གནས་སྐབས་ལུ་ཡང་ རང་ལུགས་སྨན་བཅོས་རིམ་གྲོ་ལུ་ ཡིད་ཆེས་དང་དག་སྣང་ཡོདཔ་ཨིནམ་ཤེས་ཚུགས་པས།
དོན་དག།
མན་བྷིར་ཁ་དྷལ་ཆེཏྟིརི་གིས་ སྤྱིར་བཏང་ཇག་ཀིརི་ལུ་ ནང་གསེས་ཀྱི་སྡེ་ཚན་མ་འདྲཝ་སྦེ་འོངམ་ཨིནམ་དང་ དེ་ལུ་ སྡེ་ཚན་རེ་ལུ་ཡང་ བརྩི་མཐོང་དང་དགོས་ཁུངས། སེམས་ཤུགས་ཚུ་སོ་སོ་འབད་ཡོད་དང་ སེམས་ལྗོངས་རྒེད་འོག་བཟུམ་ཅིག་ནང་ལུ་འབད་བ་ཅིན་ གཤམ་གསལ་གྱི་སྡེ་ཚན་ ཁག་གཉིས་ཀྱི་འཐུས་མི་ ཇག་ཀིརི་ངོ་རྐྱང་གིས་ འགན་ཁུར་འདི་སྦེ་འབག་སྲོལ་ཡོད་ཟེར་བཤད་ནི་འདུག།

༡་ ཀཱོལ་སྡེ་ཚན།
ཀཱོལ་སྡེ་ཚན་གྱི་མཁས་མཆོག་མི་ངོམ་ཚུ་གིས་ ལྷ་དང་གནས་བདག་གཞི་བདག་ཚུ་ལུ་ ལོ་དུས་ཀྱི་གསོལ་མཆོད་གཏང་རག་ཚུ་ཕུལ་ནི། འདི་ཡང་ གཡུས་ཚན་འདི་ནང་ལུ་ ཆར་ཆུ་དུས་ལུ་བབས། ལོ་ཕྱུགས་རྟགས་ཏུ་ལེགས། ནད་ཡམ་མུ་གེ་ཚུ་ཞི་སྟེ་ ཕུན་སུམ་ཚོགས་པའི་ངང་ལུ་ གནས་ནིའི་སྐྱབས་ཞུཝ་ཨིན་མས། ཀཱོལ་སྡེ་ཚན་གྱི་དྷ་མི་ཚུ་གིས་ མི་ནདཔ་ཚུ་དང་འབྲེལ་བའི་ནད་གཞི་ཚུ་ སྨན་བཅོས་འབད་ནི་འགོ་མ་བཙུགས་པའི་ཧེ་མ་ ལྷ་ཤིང་དང་གནས་ཤིང་། ཡང་ཅིན་ གནས་ས་ཅིག་ངོས་འཛིན་འབད་དེ་ ས་སྒོ་དེ་ལུ་ཁོང་རའི་ཁ་སྐད་ལས་ དེ་ཝ་དང་ཡང་ཅིན་དེ་ཝ་ཏ་ཟེར་མི་ནང་ལུ་ གལ་ཆེ་བའི་གསོལ་མཆོད་ཕུལ་ རིམ་གྲོ་ཚུ་འབད་ཞིནམ་ལས་རྐྱངམ་གཅིག་ བཅོས་ཐབས་ཚུ་འབད་སྲོལ་ཡོདཔ་དང་ དེ་ལས་ བཅོས་ཐབས་གཞན་མི་འདི་ གདོན་བཅོས་འབད་དེ་ ནདཔ་ཚུ་གསོ་ནི་ཚུ་ཨིནམ་སྦེ་བཤད་ཅི། མན་བྷིར་ཁ་དྷལ་ཡང་ སྡེ་ཚན་འདི་གི་འཐུས་མི་ཅིག་འབདཝ་ལས་ ནད་ཚུ་གདོན་ཁམས་ཞུགས་ཏེ་འོང་པ་ཅིན་ སྨན་བཅོས་རིམ་གྲོ་ཚུ་ གོང་གསལ་ལྟར་དུ་འབད་བྱིན་སྲོལ་ཡོདཔ་སྦེ་སླབ་ནི་འདུག།
༢་ ཇང་ག་ལི་སྡེ་ཚན།
ཇང་ག་ལི་མཁས་མཆོག་གིས་ གཙོ་བོ་ ཕག་ནད། སྐེདཔ་ན་ནི། མགུ་ཏོ་ན་ནི། ཕོཝ་ན་ནི། འཆོལ་ནད། ཀོང་། (པགས་ཀོའི་ནད།) དེ་ལས་ དབུགས་གཏོང་ལེན་དང་འབྲེལ་བའི་ནད་གཞི་ཚུ་ བཅོས་ཁ་རྐྱབ་སྲོལ་ཡོདཔ་དང་ གལ་སྲིད་ ཇང་ག་ལི་ཁོ་ར་ལུ་ ནད་གཞི་གི་སྐོར་ལས་ དོགས་པ་རེ་ཡོད་པ་ཅིན་ ཐད་ཀར་དུ་ ཕྱི་པའི་སྨན་ཁང་ནང་ལུ་ སྨན་བཅོས་འབད་བར་གཏངམ་ཨིན་ཟེར་བཤད་ཡོདཔ་ཨིན། ཇག་ཀིརི་ཚུ་གིས་ ཇང་ག་ལི་གི་སྐོར་ལས་བཤད་མི་ནང་ ཁོང་ཚུ་གིས་ནད་པའི་སེམས་ལུ་འཛུལ་ཏེ་ མི་འདི་ ནད་གཞི་ག་ཅི་གིས་ནཝ་ཨིན་ན་ཚུ་ཤེས་ཚུགས་དོ་ཡོདཔ་མ་ཚད་ ཁོང་ཚུ་གིས་ ཧ་ལམ་ནད་རྟགས་ ༦༤ དེ་ཅིག་ ངོས་འཛིན་འབད་ཚུགས་ཟེར་བཤདཔ་མ་ཚད་ དེ་བཟུམ་གྱི་གནས་སྟངས་ནང་ལུ་ དྷ་མི་ཚུ་གིས་ཡང་འཇམ་ཏོག་ཏོ་སྦེ་ བཅོས་ཁ་རྐྱབ་ཚུགས་དོ་ཡོདཔ་སྦེ་བཤད་ཅི། དཔྱེ་འབད་བ་ཅིན་ དྷ་མི་མོ་ནུ་དྷལ་འདི་ ཇང་ག་ལི་མཁས་མཆོག་ཅིག་ཨིནམ་ལས་ གོང་གསལ་ནད་གཞི་ཚུ་གིས་གདུང་སྟེ་ཡོད་མི་ཚུ་ ཁོ་འབད་སར་སྨན་བཅོས་འབད་བར་འོངམ་ཨིནམ་དང་ སྨན་བཅོས་ཀྱི་ཞབས་ཏོག་ཞུ་བར་འོང་མི་ ཆ་མཉམ་ལུ་ཉེ་རིང་མེད་པར་བཅོས་ཁ་རྐྱབ་བྱིན་དོ་ཡོདཔ་དང་ ག་དེམ་ཅིག་སྦེ་ ནདཔ་དེ་ ཀེན་སར་དང་མཁལ་རྡོ་གི་ནད་གཞི་གིས་བཟུན་ཏེ་ཡོད་པ་ཅིན་ ཕྲང་ཕྲང་ས་ར་ མཚན་རིག་གི་སྨན་བཅོས་འབད་བར་ སྨན་ཁང་ནང་ འགྱོ་དགོ་པའི་ཁ་བཀོད་འབད་དོ་ཟེར་བཤད་ཅི།

དེ་མ་ཚད་ དྷ་མི་གིས་ནད་གཞི་དེ་ཚུ་བཅོས་ཁ་རྐྱབ་ཚུགས་པའི་ སྔོ་སྨན་གྱི་རིགས་ཚུ་ཡང་ ཁོ་རའི་རྒྱབ་ཀྱིས་ཆ་རོགས་འབད་དེ་ ཆུ་མཐའམ་བདའ་དང་ གངས་རི་ཕར་སོང་སྟེ་ངོས་འཛིན་འབད། སྨན་ཚུ་བསྡུ་སྒྱོམ་ཡང་འབད་དེ་བཞག་སྲོལ་ཡོདཔ་དང་ དཔྱེ་འབད་བ་ཅིན་ མི་ཅིག་དུག་སྦྲུལ་གྱི་སོ་བཏབ་སྟེ་ ཁོ་འབད་སར་སྨན་བཅོས་འབད་བར་འོང་པ་ཅིན་ དེ་འཕྲལ་ལས་ ལྷ་ཆེན་དབང་ཕྱུག་ལུ་སྐྱབས་འཚོལ་ཏེ་ ཉམས་སྣང་ཐོག་ལས་སྔོ་སྨན་ངོས་འཛིན་འབད་ཞིན་ན་ དེ་གིས་བཅོས་ཁ་རྐྱབ་བྱིན་དོ་ཟེར་ཨིན་མས། ལྷོ་མཚམས་པའི་ལུགས་སྲོལ་ནང་ལུ་ རིགས་བརྒྱུད་ཀྱི་སྒོ་ལས་ མི་སྡེའི་བར་ན་ ཕྱོགས་བཟུང་འབད་སྲོལ་ཡོད་རུང་ དྷ་མི་དང་ཇག་ཀིརི་ཚུ་གིས་ ནདཔ་ཚུ་བཅོས་ཁ་རྐྱབ་ནིའི་འཐད་ལུ་ ཅོག་འཐདཔ་སྦེ་ཞབས་ཏོག་ཕུལ་དོ་ཡོདཔ་ལས་བརྟེན་ དེ་ཚུ་གིས་ རང་སོའི་སློབ་དཔོན་དང་བླམ་ཚུ་བསྟེན་པའི་སྐབས་ལུ་ཡང་ རིགས་རུས་ལུ་བལྟ་སྟེ་མེན་པར་ ཉམས་མྱོང་དང་ལོ་ཚད་ལུ་ གཙོ་བོར་བཟུང་དོ་ཡོདཔ་མ་ཚད་ དྷ་མི་གི་གུ་རུ་ཚུ་ཡང་ རིགས་བརྒྱུད་འདྲ་མིན་སྣ་ཚོགས་སྦེ་ འོངམ་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།
རྒྱུན་སྤེལ་ཐབས་རིག།
ཇག་ཀིརི་གི་སྲོལ་རྒྱུན་བཟུང་ནི་འདི་ ང་བཅས་རའི་ཕ་མེས་ཀྱི་བརྒྱུད་པ་བཟུང་དོ་བཟུམ་སྦེ་མེནམ་དང་ འདི་ཡང་ ཁོང་རའི་ཡིད་ཆེས་ལྟར་དུ་ ལྷ་ཆེན་དབང་ཕྱུག་གི་ ལུང་བསྟན་དང་འཁྲིལ་ཏེ་འོངམ་ཨིན་མས། མན་བྷིར་ཁ་དྷལ་གྱིས་སླབ་དོ་བཟུམ་འབད་བ་ཅིན་ མི་འདི་ ཇག་ཀིརི་སྦེ་ ངོས་འཛིན་འབད་ཞིནམ་ལས་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ ཁོ་རའི་བསམ་བློ་དང་འཁྲིལ་ཏེ་འབད་ནིའི་རང་དབང་མེདཔ་དང་ ཁོ་ར་ལུ་ དཔེ་ཆ་དང་མན་ངག་ལ་སོགས་པ་ སྔགས་སྦྱངས་ཐངས་ཚུ་སྟོན་མི་ བླམ་གྱི་ཐུགས་དགོངས་དང་འཁྲིལ་ཏེ་ ཕྱག་ཕྱིད་ཞུ་དགོཔ་ཨིན་མས། ཇག་ཀིརིའི་སློབ་མ་སྦེ་འཛུལ་མི་ལུ་ ལྷོ་མཚམས་པའི་ཁ་སྐད་ལས་ཆེ་ལ་དང་ དཔེ་དང་གདམ་ངག་ཚུ་གནང་མི་སློབ་དཔོན་ལུ་ གུ་རུ་ཟེར་ཞུཝ་མ་ཚད་ ཤེས་ཡོན་སྦྱངས་པའི་སྐབས་ གདམ་ངག་ལེ་ཤ་ཅིག་བློ་ལུ་བཟུང་ནི་དང་ དོ་རུང་གསང་བའི་བྱ་རིམ་མང་རབས་ཅིག་ མཐར་ཁྱོལ་དགོཔ་ཨིན་རུང་ གུ་རུ་དེ་གིས་ ཕྱིའི་ཡོན་ཏན་ཚུ་སྟོན་བྱིན་སྲོལ་དང་ ནང་གི་ཡོན་ཏན་དང་གསང་བའི་ཉམས་དང་རྟོགས་པ་ཚུ་ འཕྲལ་འཕྲལ་ར་གཉིད་ལམ་ནང་སྦེ་ ལྷ་ཆེན་དབང་ཕྱུག་ལས་ ཞུ་དགོཔ་ཡོདཔ་སྦེ་བཤདཔ་ཨིན་མས། དེ་མ་ཚད་ གུ་རུ་གིས་ ནང་གི་ཡོན་ཏན་དང་གསང་བའི་གདམ་ངག་ཚུ་སྟོན་མ་བྱིན་མི་འདི་ གལ་སྲིད་ སློབ་དཔོན་དང་སློབ་ཕྲུག་གཉིས་ཀྱི་བར་ན་ བྱ་སྟབས་མ་བདེཝ་རེ་འཐོན་པ་ཅིན་ གཅིག་གིས་གཅིག་བསད་ནིའི་ཉེན་ཁ་ཡོདཔ་ལས་བརྟེན་ཨིན་མས། དེ་ལས་ གལ་སྲིད་ སློབ་དཔོན་དེ་ ཁ་སྐད་གཞན་མི་རྐྱབ་མི་གཅིག་ཨིན་པ་ཅིན་ སློབ་ཕྲུག་དེ་ལུ་ གདམ་ངག་ཚུ་སྐད་སྒྱུར་འབད་དེ་ སྟོན་བྱིན་སྲོལ་དང་ དེ་མ་ཚད་ ཇག་ཀིརི་འབད་ནིའི་དོན་ལུ་ བརྟག་ཞིབ་ཁག་ལེ་ཤ་ཅིག་གི་སྒོ་ལས་དཔྱད་པ་གཏངམ་ཨིན་མས། གདམ་ངག་ཚུ་ག་ར་ ལྷོ་མཚམས་པའི་ཁ་སྐད་ནང་ལུ་ཨིན་རུང་ དེ་ཆ་མཉམ་ར་ བློ་ལུ་བཟུང་སྟེ་ཆུ་སྦྱངས་སྦྱང་སྦེ་བཟོ་སྲོལ་ཡོདཔ་དང་ དྷ་མི་མན་བྷིར་ཁ་དྷལ་གྱིས་ཡང་ ཁོ་རའི་གུ་རུ་ ཏ་མང་ཅིག་ཨིན་མི་དེ་གིས་ དཔེ་ཆ་དང་གདམ་ངག་ཚུ་ སྐད་སྒྱུར་འབད་དེ་ལྷབ་སྦྱང་འབད་ཡོདཔ་མ་ཚད་ ངག་རྒྱུགས་ཡང་ ཚར་མང་རབས་ཅིག་ལེན་ཏེ་ ཇག་ཀིརི་མཁས་མཆོག་ཅིག་ལུ་ ངོས་འཛིན་འབད་ཡོདཔ་སྦེ་བཤད་ཅི།

ཇག་ཀིརི་གི་ཁྱད་ཚད་དང་ལྡནམ་སྦེ་གྱུར་བའི་བསྒང་ལས་ རང་བཞིན་གྱིས་སློབ་དཔོན་གྱི་གྲངས་སུ་ཚུདཔ་ཨིནམ་ལས་ ཁོང་ཚུ་གི་འོག་ལས་ ལུང་བསྟན་བབས་མི་སློབ་ཕྲུག་ ལྷབ་སྦྱང་འབད་མི་ལེ་ཤ་ཅིག་འོངམ་ཨིན་བཞིན་དུ་ དྷ་མི་མན་བྷིར་ཁ་དྷལ་གྱིས་ཡང་ ད་ཚུན་གྱི་རིང་ལུ་ སློབ་ཕྲུག་ ༡༥ དེ་ཅིག་ལུ་ ཇག་ཀིརི་དང་འབྲེ་བའི་ཤེས་ཡོན་སྟོན་བྱིན་ཡོདཔ་ཨིན་རུང་ མང་ཤོས་ཅིག་ རྒྱལ་ཁབ་གཞན་ཁར་སོང་ཡོདཔ་དང་ དེ་བཟུམ་སྦེ་ དྷ་མི་མོ་ནུ་དྷལ་བཱན་ཌ་རི་གིས་ཡང་ སློབ་ཕྲུག་གཅིག་ལུ་སྟོན་བྱིན་ཏེ་ ད་ལྟོ་ སློབ་མ་དེ་ཐིམ་ཕུ་ཡོདཔ་སྦེ་བཤད་ཡོདཔ་ཨིན། མོ་ནུ་དྷལ་བཱན་ཌ་རི་གིས་འབད་བ་ཅིན་ འཛམ་གླིང་ཡར་རྒྱས་འགྱོ་བའི་དུས་སྐབས་ལུ་ཡང་ ལྷ་ཆེན་དབང་ཕྱུག་གི་ཐུགས་སྨོན་ལས་བརྟེན་ དྷ་མི་དང་ཇག་ཀིརི་ཚུ་ འཛམ་གླིང་ནང་འབྱུང་ནིའི་གོ་སྐབས་ ད་རེས་ནང་པ་་ཡང་ཡོདཔ་ཨིན་རུང་ མི་ཚུ་གིས་ དེ་ལུ་དད་པ་དང་ཡིད་ཆེས་མེད་པར་ ཁོང་རའི་ཨ་ལུ་ཚུ་གིས་ དྷ་མི་དང་ཇག་ཀིརི་གི་ལུང་བསྟན་གྱི་རྟགས་མཚན་ཚུ་སྟོན་རུང་ ཕམ་ཚུ་མང་ཤོས་ཅིག་ལུ་ མཚན་རིག་གི་ཤེས་བྱ་ཡོད་ནི་དེ་གིས་ ཨ་ལུ་ཚུ་དེ་འཕྲལ་ལས་སྨན་ཁང་ཚུ་ནང་སྐྱེལ་ཏེ་ སྨན་བཅོས་འབད་བར་འབག་འགྱོ་དོ་ཡོདཔ་སྦེ་བཤད་ཡོདཔ་མ་ཚད་ གལ་སྲིད་ ཨ་ལུ་དེ་ དྷ་མི་སྦེ་ངོས་འཛིན་འབད་མ་ཚུགས་པ་ཅིན་ ཁོ་དང་མོ་ག་ར་ཨིན་རུང་ མི་ཚེ་གཅིག་ན་ཚ་གིས་གདུང་སྟེ་སྡོད་དགོཔ་དང་ འདི་ཡང་ ཨ་ལུ་འདི་ དྷ་མི་འབད་ནི་གི་ལུང་བསྟན་དང་བཅསཔ་སྦེ་ སྐྱེས་ཞིནམ་ལས་མ་ཤི་བར་དུ་ ཁོ་དང་མོ་གི་རྣམ་ཤེས་འདི་ དྷ་མི་དང་ཇག་ཀིརི་སྦེ་ སྡོད་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ནི་འདུག།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཇག་ཀིརིའི་སྲོལ་རྒྱུན་འདི་ ཉམས་ནིའི་ཉེན་ཁ་ཆེནམོ་ཅིག་མིན་འདུག། འདི་ཡང་ མི་ཚུ་ལུ་སེམས་ཁམས་དང་འབྲེལ་བ་དང་ ཡང་ཅིན་ གཟུགས་ཁམས་ཀྱི་ན་ཟུག་ཚུ་ ཕྱི་པའི་སྨན་བཅོས་རིགས་ཀྱིས་དྲག་མ་ཚུགས་པའི་སྐབས་ལུ་ རང་ལུགས་ཀྱི་སྨན་བཅོས་འབད་མི་ ཁོང་བཟུམ་ཚུ་བསྟེནམ་ཨིན་མས། ང་གིས་འདྲིས་བཀོད་འབད་མི་ཅིག་གིས་ སྤྱིར་བཏང་ མི་ལུ་ན་ཚ་དབྱེ་བ་གཉིས་སྦེ་ཐེབས་སྲོལ་ཡོད་མི་ལས་ གཅིག་ མཚན་རིག་སྨན་བཅོས་ཀྱིས་ཕན་མི་དང་ གཞན་མི་འདི་ ཇག་ཀིརི་ཚུ་ལས་ གྲོགས་རམ་འཚོལ་ཞིན་ན་ ཁོང་གི་བསླབ་བྱ་དང་འཁྲིལ་ཏེ་ སྨན་བཅོས་རིམ་གྲོ་འབད་མི་ལས་ དྲག་མི་ཡང་ལེ་ཤ་ཡོདཔ་ཨིན་ཟེར་བཤད་ཅི། དེ་བཟུམ་གྱི་བཅོས་ཐབས་འདི་ གཡུས་ལུགས་ཀྱི་ཐབས་ལམ་ཅིག་ཨིན་རུང་ མི་ཚུ་གིས་ ནདཔ་ཚུ་ཆེད་དུ་མངགས་ཏེ་ ཇག་ཀིརི་ཚུ་ལས་ སྨན་བཅོས་འབད་སྲོལ་ཡོདཔ་ཨིན། དེའ་བདཝ་ལས་བརྟེན་ཏེ་ དར་དཀར་ན། བསམ་རྩེ། ཆུ་ཁ་རྫོང་ཁག་ཚུ་དང་ བྷུ་རི་ཆུ། མཚོ་གླིང་ཁར། གསེར་གྱི་ཐང་། མནྜལ་སྒང་། རྩི་རང་སྟོད་ཀྱི་གཡུས་ཚན་ཚུ་དང་ གཞན་ཡང་ གཡུས་སྒོ་ཁག་ཚུ་ལས་ དོན་བཅོས་འབད་དེ་ ཇག་ཀིརི་གི་ཁྱིམ་ནང་ནདཔ་ཚུ་འཁྱིད་འོང་སྟེ་ རིམ་གྲོ་སྨན་བཅོས་འབད་ཞིན་ན་ ལོག་རང་སོའི་ཁྱིམ་ནང་དྲག་སྟེ་འགྱོ་ནི་ཡོད་ཨིན་རུང་ དཔའ་བོ་དེ་ འཚོ་བ་གཙོ་བོ་སོ་ནམ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ལས་ ཉེ་འདབས་ཀྱི་ཁྱིམ་ཚང་ཚང་ནང་མ་གཏོགས་ ཐག་རིང་ས་ལས་ཕར་ འགྲོ་དོན་འབད་བར་ ཆེནམོ་ཅིག་འགྱོ་སྲོལ་མེད་ཟེར་བཤད་ཅི།

དོ་རུང་ གཡུས་བཀྲ་ཤིས་གླིང་ལས་ སྐྱེས་ལོ་ ༦༢ ལོན་མི་ དྷ་མི་མོ་ལུ་དྷལ་བཱན་ཌ་རི་གིས་ཡང་ སྨན་བཅོས་རིམ་འགྲོའི་ཞབས་ཏོག་ཚུ་ ཁོ་རའི་རྒེད་འོག་ནང་འཁོད་ཀྱི་ ནདཔ་ཚུ་ལུ་ཕུལ་དོ་ཡོདཔ་དང་ ད་ལྟོ་སྡོད་ས་ཨིན་པ་ཅན་ ཁོ་རའི་ཕ་ཁྱིམ་གྱི་འོག་ལུ་ ཨམ་སྲུ་གི་ཕམ་ཚུ་དང་མཉམ་གཅིག་ སྡོད་དེ་ མི་ལོ་ ༤༠ དེ་ཅིག་ལང་ཡོདཔ་དང་ ཁོང་ཚུ་སེམས་ལྗོངས་རྒེད་འོག་གི་ གཡུས་མི་ངོ་མ་ཅིག་ཡང་ཨིནམ་སྦེ་ བཤད་ནི་ཡོདཔ་མ་ཚད་ དེ་སྦེ་ ཁོ་རའི་ཕམ་ལས་སོ་སོ་སྦེ་ གུང་བཏོན་དགོ་མི་འདི་ ཕམ་གྱིས་སྐལཝ་བགོ་བཤའ་བྱིན་ཞིནམ་ལས་ གཉེན་རྐྱབ་མི་ལས་བརྟེན་ གཞིས་བཅགས་ཡོདཔ་སྦེ་སླབ་ནི་འདུག།

ཞིབ་འཚོལ་འབད་མི། འཇིགས་མེད་དབང་མོ། སེམས་ལྗོངས་སློབ་གྲྭ་ཆུང་བ། སེམས་ལྗོངས། རྩི་རང་རྫོང་ཁག། སྐད་སྒྱུར་ ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།