ལམ་སྲོལ་ཆ་ཤས།

Elements

རིག་མ་བཅུ་དྲུག་འཆམ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
ཟློས་གར།
ས་གནས།
རིག་མ་བཅུ་དྲུག་གི་སྐུ་འཆམ་འདི་ ལོ་བསྟར་བཞིན་དུ་དུས་སྟོན་ཁྱད་དུ་འཕགས་པ་ ཚེས་བཅུ། རབ་གནས། མ་ཎེ། མེ་དབང་། མཆོད་པ་ཚུ་གི་སྐབས་ལུ་ མི་དམང་ལུ་མཐོང་གྲོལ་གྱི་ཚུལ་ལུ་ རྒྱལ་ཁབ་ཀྱི་རྫོང་གཞིས། ལྷ་ཁང་། དགོན་སྡེ་ཚུ་ནང་ལུ་སྦེ་སྤྱན་འབུལ་ཕུལཝ་ཨིན། འདི་ཡང་ མང་ཤོས་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཇམ་གྱི་མཇལ་ཁ་གནང་པའི་ བར་མཚམས་སྐབས་ལུ་ མཇལ་ཁ་གནངམ་ཨིན་རུང་ གཡུས་གོ་ལ་ལུ་ཅིག་ནང་ མཁའ་འགྲོ་མའི་འཆམ་ཟེར་ ལོགས་སུ་སྦེ་གནང་སྲོལ་དང་ ལ་ལུ་ཅིག་གི་ནང་ལུ་བཀྲ་ཤིས་མངའ་གསོལ་སྐབས་ལུ་ཡང་ གནང་སྲོལ་ཡོདཔ་ཨིན།
ངོས་བཟུང་འབད་བའི་ལོ།
1971
འགྲེལ་བཤད།
རིག་མ་བཅུ་དྲུག་གི་སྐུ་འཆམ་འདི་ ཞི་བའི་གར་འཆམ་ཅིག་འབདཝ་ལས་ དེ་ལུ་མིང་གནས་གཞན་ ཞི་བའི་འཆམ་ཟེར་དང་ དོ་རུང་འཕྲལ་འཕྲལ་སྐབས་ མཁའ་འགྲོ་མའི་འཆམ། རྡོ་རྗེ་ལྷ་མོ་བཅུ་དྲུག་དང་ མཆོད་པའི་ལྷ་མོ་བཅུ་དྲུག་གི་སྐུ་འཆམ་ཟེར་ཡང་ཞུ་སྲོལ་ཡོདཔ་ཨིན། སྤྱིར་བཏང་ལུ་ རིག་མ་བཅུ་དྲུག་གི་སྐུ་འཆམ་ལུ་ རིགས་ཁག་གཉིས་ཡོདཔ་དང་ འདི་ཡང་ སྐུ་འཆམ་གནང་མི་ཚུ་བཙུན་པ་དགེ་སློང་ཚུ་གིས་ སྐུ་གཟུགས་ཀྱི་ཕོད་གོ་དང་ རུས་པའི་རྒྱན་ཆ་བཞེས་ཐངས་ཅོག་འཐད་རུང་ གཅིག་ཕྱག་གཡས་གཡོན་གཉིས་ལུ་ཌ་རུ་དང་དྲིལ་བུ་བསྣམས་ཏེ་ གར་འཆམ་གནང་མི་དང་ གཞན་མི་འདི་ ཕྱག་ལུ་རྔ་དང་རྔས་ཏོག་བསྣམས་ཏེ་གནང་མི་ལུ་ རིག་མ་བཅུ་དྲུག་རྔ་འཆམ་ཟེར་ཞུཝ་ཨིན། མཆོད་པའི་ལྷ་མོ་བཅུ་དྲུག་ཡོད་ས་ལས་ གཙོ་བོ་ལྷ་མོ་བཞི་ཡོདཔ་དང་ དེ་རེ་རེ་ལུ་ཡང་ ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་མི་ ལྷ་མོ་གསུམ་དང་བཞི་གང་འཚམས་སྦེ་བཀལཝ་ད་ གྲངས་བཅུ་དྲུག་ལུ་གྱུརཝ་ཨིན།

འདི་ཡང་ སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། འདི་ཕྱིའི་མཆོད་པའི་ལྷ་མོ་བཞི། དེ་བཟུམ་སྦེ་ མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་ཚུ་ ནང་གི་མཆོད་པའི་ལྷ་མོ་བཞི། པི་ཝང་མ། གླིང་བུ་མ། རྔ་བརྡུང་མ། རྫ་རྔ་མ། གཟུགས་རྡོ་རྗེ་མ་བཅས་ གསང་བའི་མཆོད་པའི་ལྷ་མོ་ལྔ། དེ་ལས་ མཇུག་ར་ རོ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ། ཆོས་དབྱིངས་རྡོ་རྗེ་མ་གསུམ་འདི་ དེ་ཁོ་ན་ཉིད་ཀྱི་མཆོད་ལྷ་མོ་བཅས་བཅུ་དྲུག་ཨིན།
དོན་དག།
ཨྱོན་རིན་པོ་ཆེའི་མཛད་པ་དང་འཕྲིན་ལས་ཚུ་ གར་འཆམ་གྱི་གཟུགས་སྦེ་སྟོནམ་ཨིནམ་ལས་ སྐུ་གསུང་ཐུགས་ཀྱི་མཛད་པ་དང་ འཕྲིན་ལས་དངོས་སུ་འགྱུར་བ་མེད་པའི་དད་པ་སྦོམ་བསྐྱེད་དེ་ སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས་ནི། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལུ་ གྲལ་གཏོགས་འབད་དེ་ ཚེ་འདི་དང་ཕྱི་མ་ཨ་རྟག་ར་ བདེ་བ་འཐོབ་ཚུགས་པའི་རྒྱུ་ལུ་འགྱུར་བའི་ བྱིན་རླབས་ཅན་གྱི་མཐོང་གྲོལ་གྱི་བྱེ་བྲག་ཅིག་ཨིན།
རྒྱུན་སྤེལ་ཐབས་རིག།
རིག་མ་བཅུ་དྲུག་གི་སྐུ་འཆམ་འདི་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཇམ་གྱི་མཇལ་ཁ་གནང་པའི་སྐབས་ བར་མཚམས་ཁམས་སུ་ མཚན་བརྒྱད་གནང་མི་ཚུ་སྐུ་ངལ་གནང་པའི་སྐབས་ལུ་ མཇལ་ཁ་གནང་སྲོལ་ཡོདཔ་ཨིན། གར་འཆམ་འདི་གནང་པའི་སྐབས་ མཛེས་པའི་རྣམ་འགྱུར་ཚུ་གིས་མ་ཚད་པར་ གསུང་སྙན་པའི་གླུའི་མཆོད་པ་ཡང་ ག་ནི་བ་ཧན་ཏོང་ཏོ་སྦེ་ཕུལ་སྲོལ་ཡོདཔ་ཨིན།

སྐུ་འཆམ་གྱི་ཆས་སྒྲིག་ཐངས་ཡང་
༡་ དབུ་རྒྱན་རིགས་ལྔ་ཅན་མ་ དར་སྣ་ལྔས་བརྒྱན་པ།
༢་ ཕོད་གོ།
༣་ རྡོར་གོང་།
༤་ གྲྭ་ལྷམ།
༥་ རུས་པའི་རྒྱན་དྲུག། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོའམ་དོ་ཤལ།

གར་འཆམ་ལྷབ་སྦྱང་གི་འཐད་ལུ་ ལྷབ་སྦྱང་འབད་མིའི་རྒྱུད་ལུ་སྤྲོ་བ་དགོཔ་མ་ཚད་ ལུས་རྩལ་དང་ལྕོགས་གྲུབ་ཡང་དགོཔ་ཨིན། དེ་གུར་ འཆམ་སློབ་ཅིག་བསྟེན་ཏེ་ ལད་སྲོལ་དཔེ་བཤུས་རྐྱབ་སྟེ་ ལག་པའི་ཕྱག་བརྒྱ། རྐང་པའི་སྟངས་སྟབས། ལུས་ཀྱི་མཉེན་བྱ། འཆམ་གྱི་རྩ་ཚིག་དང་ མཆོད་པའི་གླུ་དབྱངས་ཚུ་སེམས་ཁར་ངེས་དགོཔ་ཨིན། དེ་མ་ཚད་ གཞུང་གྲྭ་ཚང་ནང་ལུ་འབད་བ་ཅིན་ གར་ཐིག་དབྱངས་གསུམ་ཟེར་ དུས་རྒྱུན་གྱི་ཆོས་ཡོན་ཏན་ལྷབ་སྦྱང་འབད་ནི་ལས་མ་རྩིས་པར་ ལོགས་སུ་སྦེ་ སྦྱང་དགོ་པའི་ཀུན་ཚང་ཤེས་བྱ་ཅིག་ཨིན།
གཡུས་སྒོ་ཚུ།/མི་སྡེ་ཚུ།
སྐུ་འཆམ་འདི་ གཙོ་བོ་གྲྭ་ཚང་དང་བཤད་གྲྭ་ནང་ལུ་བཞུགས་མི་ དགེ་སློང་ཚུ་གིས་རྐྱབ་སྲོལ་ཡོད་རུང་ གཡུས་གོ་ལ་ལུ་ཅིག་གི་ནང་ལུ་ དང་ཕུ་གི་ལུགས་སྲོལ་ལྟར་དུ་ བླ་མའི་སྒོམ་ཆེན་དང་གྲྭ་པ། དེ་ལས་ མི་སེར་དཀྱུ་མ་ཚུ་གིས་ཡང་གྲས་ཁར་གཏོགས་ཏེ་ རྐྱབ་སྲོལ་ཡོདཔ་ཨིན།


ཞིབ་འཚོལ་འབད་མི། ཡེ་ཤེས་ལྷུན་གྲུབ། འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་ཆས་གཏན་མཛོད།
བརྡ་དོན་འབྱུང་ཁུངས།