ལམ་སྲོལ་ཆ་ཤས།

Elements

ཤ་ཝ་ཤ་ཁྱིའི་གར་འཆམ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
ཟློས་གར།
ས་གནས།
སྐུ་འཆམ་འདི་ ལོ་བསྟར་བཞིན་དུ་དུས་སྟོན་ཁྱད་དུ་འཕགས་པ་ ཚེས་བཅུ། རབ་གནས། མ་ཎེ། མེ་དབང་། མཆོད་པ་ཚུ་གི་སྐབས་ལུ་ མི་དམང་ལུ་མཐོང་གྲོལ་གྱི་ཚུལ་ལུ་ རྒྱལ་ཁབ་ཀྱི་རྫོང་གཞིས། ལྷ་ཁང་། དགོན་སྡེ་ཚུ་ནང་ལུ་སྦེ་སྤྱན་འབུལ་ཕུལཝ་ཨིན། འདི་ཡང་ མང་ཤོས་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཇམ་གྱི་མཇལ་ཁ་གནང་པའི་ བར་མཚམས་སྐབས་ལུ་ མཇལ་ཁ་གནངམ་ཨིན་རུང་ གཡུས་གོ་ལ་ལུ་ཅིག་ནང་ མཁའ་འགྲོ་མའི་འཆམ་ཟེར་ ལོགས་སུ་སྦེ་གནང་སྲོལ་དང་ ལ་ལུ་ཅིག་གི་ནང་ལུ་བཀྲ་ཤིས་མངའ་གསོལ་སྐབས་ལུ་ཡང་ གནང་སྲོལ་ཡོདཔ་ཨིན།
ངོས་བཟུང་འབད་བའི་ལོ།
༡༩༧༡
འགྲེལ་བཤད།
འཁྲབ་གཞས་དང་གར་འཆམ་ཟུང་འབྲེལ་སྦེ་ཨིན་མི་ ཤ་ཝ་ཤ་ཁྱིའི་འཆམ་འདིའི་བརྗོད་དོན་ ངོ་མ་ར་ རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ རྣམ་ཐར་རྒྱ་ཆེ་བ་གཏིང་ཟབ་པ་སྦེ་ཡོད་མི་ལས་ སློབ་མ་གཙོ་བོ་ཅིག་ཨིན་མི་ ཁྱི་ར་ཝ་མགོན་པོ་རྡོ་རྗེ་དེ་ གྲུབ་པ་ཐོབ་པའི་ལེའུ་ནང་ལུ་བཏོན་ཏེ་ འབྲུག་རྒྱལ་ཁབ་ཀྱི་སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ མཛད་བཤུལ་འབྲུག་པའི་གར་འཆམ་མཐུན་མོང་མ་ཡིན་པ་ཅིག་ཨིན།

འདི་ཡང་ ཧེ་མ་དུས་རབས་ ༡༡ པའི་ནང་ལུ་ གངས་ཅན་གྲུབ་པའི་དབང་ཕྱུག་ཆེན་པོ་ རྗེ་བཙུན་མི་ལ་རས་པ་ (༡༠༥༢-༡༡༣༥) མཆོག་ བལ་པོ་ (ནེ་པཱལ) དང་ བོད་ཀྱི་ས་མཚམས་ སྟེ་ཤང་གུར་ཏ་ཟེར་བའི་དབེན་པའི་རི་ཁྲོད་ལུ་ དག་པ་ས་གསུམ་གྱི་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་གྱུར་ཚར་ཏེ་ གཞན་འདི་ཕར་བཞག་ ཐ་ན་ ཧ་ཅང་གིས་རྨོངས་པའི་དུད་འགྲོ་སེམས་ཅན་དེ་ཚུ་ལུ་ཡང་ དམ་པའི་ཆོས་ཀྱི་དོན་དག་ཚུ་ གོ་བརྡ་འཕྲོད་ཚུགས་པའི་རང་དབང་ཐོབ་སྟེ་བཞུགས་ནུག།

ཚར་གཅིག་འབདཝ་ད་ དཔྱད་རིག་རྣམ་རྟོག་མེད་སི་སི་སྦེ་ སྒྲུབ་ཕུག་གི་འོག་ལས་ མི་སྐད་དང་ཁྱི་སྐད་ལྷང་ལྷང་ཅིག་གསན་ཏེ་ ག་ཅི་ཨིན་ན་ཟེར་ཐུགས་བཞེད་གནང་སྟེ་ བྱག་ཕུག་གི་འོག་ལས་མར་བྱོན་སྦེ་གཟིགསཔ་ད་ ཤཝ་དམརཔོ་ཅིག་ གནམ་མེད་ས་མེད་འུ་སྡུག་ཐང་ཆད་ གཟུགས་ཀྱི་སྤུ་ཕུད་རྡོག་རེ་ལས་ རྔུལ་ནག་རེ་འཐོན་ཏེ་འཇིགས་སྣང་དང་བཅསཔ་སྦེ་ལྷོད་ནུག། དེ་ལུ་ཐུགས་ཀྱི་བརྩེ་བ་ཆེན་པོའི་སྒོ་ལས་ དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངས་པ་ཙམ་གྱིས་ འཇིགས་སྐྲག་གི་སྣང་བ་ཚུ་རང་བཞིན་གྱིས་ཡལ་ཏེ་ བླམ་རྗེ་བཙུན་གྱི་གཡས་ཧོངས་ལུ་ སེམས་བག་ཕེབས་པའི་ངང་ལུ་སྡོད་ཚརཝ་ཅིག་ ཤ་ཁྱི་དམརཔོ་གཟུགས་གློག་འཁྱུག་དོ་བཟུམ། ཞེ་སྡང་མེ་འབར་དོ་བཟུམ་འབད་མི་ཅིག་ཡང་ རྟིང་བདའ་སྟེ་ལྷོད་ནུག། དེ་ལུ་ཡང་དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངསམ་ཅིག་ ཉོན་མོངས་པའི་གདུང་སེམས་ཞི་སྟེ་ བླམ་ རྗེ་བཙུན་གྱི་གཡོན་ཧོངས་ལུ་སྡོད་ནུག། ཤཝ་དང་ཤ་ཁྱི་གཉིས་ ཨའི་དང་བུ་བཟུམ་སྡོད་ཡོད་པའི་རྟིང་ཤུལ་བདའ་སྟེ་ ཤ་རོགསཔ་མགོན་པོ་རྡོ་རྗེ་ཟེར་མི་ གཉའ་རྒོད་འདྲོག་སི་སི་ཅིག་ ལག་པར་མདའ་གཞུ་འབག་སྟེ་འབད་ལྷོད་ནུག། ཁོ་གིས་ བླམ་རྗེ་བཙུན་གྱི་རྩ་བ་ལུ་ ཤཝ་ཤ་ཁྱི་དེ་ཚུ་མཐོངམ་ཅིག་ སྒོམ་ཆེན་དེ་གིས་ངེ་གི་ཤཝ་དང་ཤ་ཁྱི་གཉིས་ལུ་ ངན་སྔགས་ཅིག་བཏང་བཏངམ་ཨིན་པས་མནོ། ཞེ་སྡང་ལངས་ཏེ་ ཁྱོད་ཀྱིས་ངེ་གི་ཤཝ་དང་ཤ་ཁྱི་དེ་ སྐྱབས་འབད་ཚུགས་དོ་བཟུམ་ ངེ་གི་མདའ་འདི་ཡང་ ཁྱོད་ཀྱིས་ག་དེ་སྦེ་སྐྱབས་འབད་ཚུགས་ག་བལྟ་གེ་རྨ་རེད་ཟེར་ དུག་མདའ་མ་གསང་སྒྲོ་ལྔམ་དེ་ ཐེ་ཚོམ་མེད་པར་རྐྱབ་བྱིན་པའི་སྐབས་ མདའ་དེ་བླ་མའི་སྐུ་གཟུགས་ལུ་ཕོག་ནི་ཕར་བཞག་ མདའ་གཞུ་དེ་ཡང་ དུམ་ད་ཁེམ་སྦེ་ཆག་ཡར་སོང་ནུག། ཁོ་ག་ཅི་ཨིན་ན་མནོ་སྟེ་ སེམས་ཐེ་ཚོམ་ཟ་སྡོད་པའི་བར་ན་ བླམ་རྗེ་བཙུན་རིན་པོ་ཆེ་གིས་ ཁྱོད་ཀྱིས་མདའ་འདི་ནམ་ཡང་རྐྱབ་ལོང་འོང་། ད་ལྟོ་ ཧེ་མ་ངེ་གི་གླུ་འདི་ལུ་ཚར་གཅིག་ཉན་ད་ཟེར་ དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངས་ཁོ་རའི་གནངམ་ད་ སྔོན་མ་ལཱ་ངན་འབད་མི་འདི་ལུ་ འགྱོད་པ་དྲག་པོ་སྐྱེས་ཏེ་ བཤགས་པ་ཕུལ་སྦེ་ ད་ལས་ཕར་བཀའ་ག་གནང་དང་ གསུང་ཅི་སྒྲུབ་ཀྱི་ཕྱག་ཕྱིད་ཞུ་ནི་གི་ཁས་བླངས་དམ་བཅའ་ཕུལ་ཏེ་ སྒྲུབ་པ་ ཉམས་ལེན་འབདཝ་ལས་ ཚེ་གཅིག་ལུས་གཅིག་ལུ་ ཁྱི་རྭ་མགོན་པོ་རྡོ་རྗེ་ཟེར་ སངས་རྒྱས་སོང་པའི་གྲུབ་ཐོབ་སྦོམ་ཅིག་བྱུང་བྱུངམ་གི་རྣམ་ཐར་འདི་ གར་འཆམ་མཐོང་གྲོལ་གྱི་ཚུལ་སྦེ་མཛད་གནང་གནངམ་ཨིན་པས།

གར་འཆམ་འདི་ དོན་གྱི་སྙིང་པོ་ལུ་ གཙོ་བོ་དང་འཁོར་ག་ར་ རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ས་བཅུའི་དབང་ཕྱུག་ཆེན་པོ་ཙང་ཙ་གི་མཛད་པ་ཨིནམ་ལས་བརྟེན་ བྱིན་རླབས་དང་ཕན་ཡོན་སྦོམ་ཡོདཔ་ཨིན་ཟེར་ ཉེར་མཁོའི་བུམ་བཟང་ནང་ལས་ཐོན་དོ་བཟུམ་ མཛད་པ་ཚུ་ལུ་ ནམ་རང་འབད་རུང་དག་སྣང་བསྐྱེད་དགོཔ་ཨིན། ང་བཅས་རའི་ཁ་རྒྱུན་ལུ་ པད་གླིང་གིང་གསུམ་གྱི་སྤུས་དག་ཤོས་ ཀྲོང་གསར་མནའ་སྦིས་དང་སྐོར་ཕུག་གི་སྒྲུབ་ལུ་གཞི་བཞག་ནི་དང་ དེ་བཟུམ་སྦེ་ རཀྴ་དམང་འཆམ་འདི་ཀྲོང་གསར་རྫོང་གི་ཚེས་བཅུ། དེ་ལས་ ཤཝ་ཤ་ཁྱིའི་གར་འཆམ་འདི་ དར་དཀར་བཀྲི་ཤིས་གཡང་རྩེ་རྫོང་གི་ ཚེས་བཅུ་ལུ་གཞི་བཞག་དགོཔ་སྦེ་ སློབ་སྲོལ་ཡོདཔ་ཨིན།
དོན་དག།
འཁྲབ་གཞས་དང་གར་འཆམ་སླ་བསྲེ་ཡོད་པའི་ ཤཝ་ཤ་ཁྱིའི་གར་འཆམ་འདི་གིས་ གཙོ་བོ་བར་ འཇིག་རྟེན་ཕལ་པ་ཚུ་ལུ་ དམ་པའི་ཆོས་ཀྱི་སྒོ་ལུ་ཞུགས་བཅུག་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་ནུས་ཤུགས་དང་ དད་པ་བརྩོན་འགྲུས་ཡོད་པ་ཅིན་ ཚེ་གཅིག་ལུས་གཅིག་ལུ་ ཐར་པ་ཐམས་ཅད་མཁྱེན་པའི་འགོ་འཕང་ལུ་ ལྷོད་ཚུགས་པའི་བཀའ་ཁྲིད་ འཁྲབ་གཞས་གར་འཆམ་གྱི་ཐོག་ལུ་ གསལ་སྟོན་འབདཝ་ཨིན། དཔྱེ་འབད་བ་ཅིན་ འཇིག་རྟེན་པའི་མི་དེ་ཚུ་ ཚེ་སྟོད་གཤན་པའི་ལཱ་ངན་འབད་མི་ སྡིག་ཅན་གྱི་བཤན་པ་མགོན་པོ་རྡོ་རྗེ་བཟུམ་གིས་ ཚེ་སྨད་ལུ་ བླམ་རྗེ་བཙུན་རིན་པོ་ཆེ་དང་མཇལ་ཏེ་ དམ་པའི་ཆོས་ཉམས་ལེན་འབདཝ་ལས་ ཧེ་མའི་སྡིག་པ་ག་ར་དག་སྟེ་ ཚེ་གཅིག་ལུས་གཅིག་ལུ་ སངས་རྒྱས་སོང་པའི་གྲུབ་ཐོབ་ལུ་གྱུར་ནི་ཡོད་པ་ཅིན་ ང་བཅས་རང་ཚུ་ཡང་ག་ཅི་སྦེ་ བླམ་དགེ་བའི་བཤེས་གཉེན་བསྟེན་ཏེ་ དམ་པའི་ཆོས་ག་ཅི་འབད་མི་བསྒྲུབ་ནི་ཨིན་ན་ཟེར་ སྤྲོ་བ་བསྐྱེད་ཐབས་སྒྲིག་དགོ་པའི་འཁྲས་གཞས་ཀྱི་གར་འཆམ་ཅིག་ཨིན།
རྒྱུན་སྤེལ་ཐབས་རིག།
འཁྲབ་གཞས་གར་འཆམ་འདི་ལུ་ འཁྲབ་རྩེདཔ་ཚུ་ཡང་ བླམ་རྗེ་བཙུན་མི་ལ་རས་པ། གཟུགས་ཁར་རས་རྐྱང་གཅིག་བཞེས་པ། རྒྱབ་ཁར་ཕྱག་དཔེ་བསྣམས་པ། ཕྱག་གཡས་གཡོན་ལུ་ ཅོད་ཌམ་དང་ཕྱག་འཁར་བསྣམས་པ། ཨ་ཅོ་ཟེར་ ཤ་རོགསཔ་མགོན་པོ་རྡོ་རྗེ་ལུ་གོ་ནི། འདི་ཡང་ ཞལ་འབགཔ་མི་གི་གདོང་ ཁ་དོག་དཀར་དམར་བསྲེས་པ་ ཡང་ཅིན་ ཤ་ཁ་འཚམས་སྦེ་ ཁ་ལུ་རྒྱཝ་ཡོདཔ། མགུ་ཏོ་གུར་ཤིང་གི་ཞལ་ལའི་ཐོད་བཀལ་བ། གཟུགས་ཁར་བགོ། ལག་པར་མདའ་དང་གཞུ། ཕྱག་ལྟག་ཁར་ སོ་རས་དང་ སྐེད་པར་ དཔའ་བཏགས་དང་གནག་ཐག་དཔྱང་པ། གདོང་ཁེབས་དང་ རྐང་པར་ཚོགས་ལྷམ་བཙུགས་པའི་ཆས་སྒྲིག་པ། དེ་ལས་ ཕྱག་ཞུ་མི་ ཕན་ཏོ་ཟེར་ ཞལ་འབགཔ་མདོག་གནགཔོ་བགོད་བྲོའི་རྣམ་འགྱུར་ཅན། ཤིང་གི་ཞལ་ལག་གི་ཐོད་ཅན། གཟུགས་པར་མོན་ཐགས་ཀྱི་དཀྱིས་ར་དང་ ནང་ན་ལུ་ཁ་དོག་དཀར་ནག་གི་འདོརམ་གྱོན་པ། རྐང་པར་ཀོ་ལྷམ་བཙུགས་པ། ཤཝ་གཅིག་དང་ ཤ་ཁྱི་གཉིས་ ཞལ་འབགཔ་དམརཔོ་འདི་ཨ་ཅོའི་ཤ་ཁྱི་དང་ གནགཔོ་དེ་ཕན་ཏོ་གི་ཨིནམ་ལས་རྩིས་སྲོལ་ཡོདཔ་ཨིན། དེ་གུ་ལུ་ སྤྲོ་པའི་ཉམས་སྟོན་མི་ཨ་ཙ་ར་འདྲ་མིན་སྣ་ཚོགས་ཡང་ཐིན་སྲོལ་ཡོདཔ་ཨིན།

སྤྱན་འབུལ་གྱི་མཐོང་སྣང་ཡང་ དང་པ་ ཤཝ་གངས་ལས་ཕབས་ཟེར་ ཤཝ་གངས་ལས་བདའ་ནི། དེ་ལས་གཉིས་པ་ ཤཝ་མཐའ་ལས་བཏོན་ནི་ཟེར་ ཁག་གཉིས་ཡོདཔ་ཨིན། ཤཝ་གངས་ལས་ཕབས་པའི་སྐབས་ཀྱི་ལེའུ་ཚུ་ཡང་
༡་ ཤཝ་ཤ་ཁྱི་འཐོན་ནི།
༢་ འདབ་འབྱོག།
༣་ དགུ་བརྡུང་དང་སྤྲོས།
༤་ ལམ་འགྲོས། སྤུངས་འཆམ། སྡོད་འཆམ། སྤྲོས་རྐྱབ།
༥་ ལམ་འགྲོས་དང་སྐེད་བཙུགསམ། རྩྭ་བཟའ་བའི་ལེགས།
༦་ གསུམ་དཀྱུ་རིམ།
༧་ འཛུལ་འཆམ།

མཐོང་སྣང་གཉིས་པ་ ཤཝ་མཐའ་ལས་བཏོན་པའི་སྐབས་ཀྱི་ལེའུ་ཚུ་ཡང་
༡་ འཐོན་འཆམ།
༢་ འདབ་འབྱོག།
༣་ སྤུངས་འཆམ།
༤་ དགུ་བརྡུང་།
༥་ རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་དང་མཇལ་བའི་མཐོང་སྣང་།
༦་ རྩྭ་བཟའ་བའི་ལེའུ།
༧་ བླ་མ་བསྐོར་རྒྱབ།
༨་ ཞི་བའི་ལམ་འགྲོས།
༩་ འཛུལ་འཆམ།

འཁྲབ་གཞས་གར་འཆམ་འདི་ནང་ལུ་ རྗེ་བཙུན་མི་ལ་རས་པའི་གླུ། ཨ་ཅོ་དང་ཕན་ཏོའི་གླུ་ལེ་ཤ་ཅིག་ཡོདཔ་ལས་ གླུ་ཚིག་གཟིགས་འདོད་ཡོད་པ་ཅིན་ གཤམ་ལུ་གཟིགས་ཚུགས།

གར་འཆམ་ལྷབ་སྦྱང་གི་འཐད་ལུ་ ལྷབ་སྦྱང་འབད་མིའི་རྒྱུད་ལུ་སྤྲོ་བ་དགོཔ་མ་ཚད་ ལུས་རྩལ་དང་ལྕོགས་གྲུབ་ཡང་དགོཔ་ཨིན། དེ་གུར་ འཆམ་སློབ་ཅིག་བསྟེན་ཏེ་ ལད་སྲོལ་དཔེ་བཤུས་རྐྱབ་སྟེ་ ལག་པའི་ཕྱག་བརྒྱ། རྐང་པའི་སྟངས་སྟབས། ལུས་ཀྱི་མཉེན་བྱ། འཆམ་གྱི་རྩ་ཚིག་དང་ མཆོད་པའི་གླུ་དབྱངས་ཚུ་སེམས་ཁར་ངེས་དགོཔ་ཨིན། དེ་མ་ཚད་ གཞུང་གྲྭ་ཚང་ནང་ལུ་འབད་བ་ཅིན་ གར་ཐིག་དབྱངས་གསུམ་ཟེར་ དུས་རྒྱུན་གྱི་ཆོས་ཡོན་ཏན་ལྷབ་སྦྱང་འབད་ནི་ལས་མ་རྩིས་པར་ ལོགས་སུ་སྦེ་ སྦྱང་དགོ་པའི་ཀུན་ཚང་ཤེས་བྱ་ཅིག་ཨིན།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཤཝ་ཤ་ཁྱིའི་གར་འཆམ་འདི་ མི་དབང་མངའ་བདག་རྒྱལ་པོའི་ཕྱག་ཞུ་མི་ བོད་སྒརཔ་ཚུ་གིས་རྐྱབ་ ཧེ་མ་ཀྲོང་གསར་དང་སྤ་རོ། ཐིམ་ཕུ་རྫོང་ཁག་ཚུ་ནང་ ཚེས་བཅུ་འགོ་དངཔ་བཙུགས་པའི་སྐབས་ ཡོདཔ་ཨིན་རུང་ ཧེ་མ་ལས་ཚེས་བཅུ་བཙུགས་ཏེ་ཡོད་མིའི་དགོན་སྡེ་ཚུ་དང་ གཡུས་ཚན་ཚུ་ནང་ གཡུས་ཚན་ཁག་གི་མི་སེར་གྱིས་རྐྱབ་སྟེ་སྡོད་དགོན་སྡེ་རང་རང་སོ་སོའི་དགེ་སློང་དང་སྒོམ་ཆེན་ནུག།

ད་རེས་ནངས་པ་ རྒྱལ་ཁབ་ཀྱི་རྫོང་ཁག་ག་ར་ནང་ ཚེས་བཅུ་བཙུགས་ཡོད་པའི་ཁར་ ཤཝ་ཤ་ཁྱིའི་གར་འཆམ་འདི་ རྫོང་ཁག་རང་རང་སོ་སོའི་མི་སེར་གྱི་གྲས་ལས་ ན་གཞོན་ཚུ་བཙག་འཐུ་འབད་དེ་ འཆམ་གྱི་སྦྱང་བ་མཐིལ་ཕྱིན་བྱིན་ཞིནམ་ལས་རྐྱབ་ཨིན་རུང་ ཐིམ་ཕུ་རྫོང་ཁག་གི་ཚེས་བཅུའི་སྐབས་དང་ གཞུང་འབྲེལ་ལས་བརྟེན་པའི་ལས་རིམ་སྐབས་ལུ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ འཆམ་པ་ཚུ་གིས་རྐྱབ་ཨིན།

དེ་ལས་དགོན་སྡེ་ཁག་དང་ གཡུས་ཚན་ཁག་སོ་སོའི་ནང་ ཚེས་བཅུ་བརྩི་སྲུང་འབད་སྲོལ་ཡོད་མི་ཚུ་ གི་ནང་ ད་རེས་ནངས་པ་ཡང་ ཤཝ་ཤ་ཁྱིའི་གར་འཆམ་འདི་ དགོན་སྡེ་དང་གཡུས་ཚན་སོ་སོའི་དགེ་ སློང་དང་སྒོམ་ཆེན། དེ་ལས་གཡུས་ཚན་ཁག་གི་མི་སེར་གྱིས་རང་རྐྱབ་ཨིན། ཤཝ་ཤ་ཁྱིའི་གར་འཆམ་རྐྱབ་སའི་ས་གོ་དང་རྐྱབ་པའི་དུས་ཚོད། ཤཝ་ཤ་ཁྱིའི་གར་འཆམ་འདི་ རྫོང་ཁག་རང་རང་སོ་སོའི་ཚེས་བཅུའི་སྐབས་ལུ་ རྫོང་གི་རྡོ་གཅལ་ནང་དང་ གཞུང་འབྲེལ་གྱི་ལས་རིམ་སྐབས་ལུ་ འོས་འབབ་ལྡན་པའི་ས་གོ་ཚུ་ནང་རྐྱབ་ཨིནམ་མ་ཚད་


ཞིབ་འཚོལ་འབད་མི། སློབ་དཔོན་ཀུན་བཟང་རྡོ་རྗེ། རྒྱལ་གཞུང་ཟློས་གར་ལྟེ་བ།
བརྡ་དོན་འབྱུང་ཁུངས།