ལམ་སྲོལ་ཆ་ཤས།

Elements

ཕྱུར་གོ་མར་བརྔོ།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
རྒྱལ་ས་ལྟེ་བ་ལས་ ཧཱ་ལུ་འགྱོ་ནིའི་སྣུམ་འཁོར་གཞུང་ལམ་ དེ་ཡང་ ཆུ་འཛོམས་ལས་ ཟླ་བ་ཁ་བརྒྱུད་དེ་འགྱོ་མི་གཅིག་དང་ སྤ་རོ་འུ་ཆུ་ལས་ བཅད་རི་ལ་བརྒལ་ཏེ་འགྱོ་མི་ཁག་གཉིས་ཡོད། ཧཱ་གི་ལུང་གཤོང་འདི་ནང་ལྷོདཔ་ད་ རིགས་གསུམ་མགོན་པོ་གི་མཚོན་བྱེད་ཨིན་ཟེར་ རི་ཅོག་ར་འཐདཔ་གསུམ་མཇལ་ནི་ཡོད་པའི་ཁར་ དགྲ་ལྷ་ཁྱུང་བདུད་ཀྱི་ཆིབས་རྟའི་གཟུགས་བརྙན་ཨིན་ཟེར་ སྒང་གི་ངོས་ལུ་རྟའི་མགུ་ཏོག་གི་པར་ཡོད་ཅི་ཅིག་ཡང་མཐོང་ནི་འདུག། དེ་ལས་མཐོང་སྣང་གཞན་ཡང་ ཕྱི་ལས་ནགས་ཚལ་ཚུ་གིས་བསྐོར་བའི་སྦུག་ལུ་ རྫོང་གཞིས་གསར་རྙིང་དང་ ཁྲོམ་ཚོགས་ སློབ་གྲྭ་ ཁྲིམས་ཁང་དང་ རང་ལུགས་བཟོ་བཀོད་ལྡན་པའི་ཁྱིམ་གྱི་བཀོད་རིས་ཚུ་ མ་ཉམས་པར་སྔར་བཞིན་ཡོད་པའི་མཐོང་སྣང་ཚུ་ གནམ་ཁའི་སྐརམ་ས་ཁར་བབས་བབས་བཟུམ་སྦེ་ཁྲ་ཆེམ་ཆེམ་སྦེ་ ག་ནི་བ་མཛེས་ཆ་ལྡན་ཏོག་ཏོ་སྦེ་ཆགས་ཏེ་འདུག། ཧཱ་པའི་མི་སེར་ཚུ་གིས་བཤད་དོ་བཟུམ་འབད་བ་ཅིན་ ལུས་ལུ་ན་ཚ་དང་ སེམས་ལུ་སྡུག་བསྔལ་ཚུ་ག་ནི་ཡང་མེད་པར་ དགའ་སྐྱིད་ཐོག་ལས་གནས་ཏེ་ཡོད་མི་འདི་ རིགས་གསུམ་མགོན་པོའི་བཀྲིན་ལས་ཨིན་ཟེར་སླབ་ནི་འདུག། འདི་གིས་མ་དོ་བར་ ཁོང་གི་རྫོང་གཞིས་དང་ ལྷ་ཁང་ དགོན་སྡེ་ཚུ་ནང་ བྱིན་རླབས་ཅན་གྱི་སྐུ་གསུང་ཐུགས་རྟེན་ལེ་ཤ་ཡོད་པའི་ལོ་རྒྱུས་དང་ ཧཱ་གི་ཁྲོམ་ཚོགས་ནང་ལུ་ རང་ལུགས་ཀྱི་གྱང་ཁྱིམ་དང་ རྩིག་ཁྱིམ་རྐྱབ་མི་ཚུ་ ལོ་གཅིག་བ་ལོ་གཅིག་གོང་འཕེལ་འགྱོ་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ད་རེས་ཀྱི་གནས་སྟངས་འདི་གྱུར་བ་སྦོམ་རང་འགྱོ་སྟེ་ཡོད་ནི་འདི་གིས་ མ་འོངས་པ་ན་ཧཱ་གི་ལུང་གཤོང་ནང་ལུ་ མི་རློབས་ཡར་འཕེལ་འགྱོ་སྟེ་ ཁྱིམ་ཚུ་གིས་གང་ནི་ཨིན་པའི་ལོ་རྒྱུས་ཡང་བཤད་ནི་འདུག་ཟེར་ཞུ་ནི་ཨིན།
ངོས་བཟུང་འབད་བའི་ལོ།
2022
འགྲེལ་བཤད།
ཡོངས་གྲགས་ལུ་ ཕྱུར་གོ་མར་བརྔོ་ཟེར་སླབ་སྲོལ་ཡོད་རུང་ ཧཱ་པའི་གཡུས༌སྐད༌ལས༌ ཕྱུར་ཕྱལ་འེར་སླབ་ཨིན་མས། ཕྱུར་ཕྱལ་འདི་ འབྲུག་རྒྱལ་ནང་གི་བཞེས་སྒོ་ཚུ་གི་ནང་ལས་ རང་གཡུས་ཀྱི་བཞེས་སྒོ་ཡོངས་གྲགས་ཅན་ཅིག་ཨིན། ཚེ་རིང་དཔལ་འབྱོར་གྱིས་ ཨ་པ་ལུ་ ཕྱུར་ཤལ་བཟོ་ཐངས་ནམ་ལས་བྱུང་ཡི་ག་ཟེར་དྲི་བའི་སྐབས་ ཨ་པ་གི་ཨ་པའི་སྐབས་ལས་ར་བཟོ་ནི་ཡོད་ཟེར་སླབ་མ་གཏོགས་ གཏན་འཁེལ་བཤད་རྒྱུས་མིན་འདུག་ཟེར་ཨིན་མས། ག་ལས་སྐོར་རུང་ དང་ཕུག་ལ་ནོར་ཡོད་མི་ཚུ་གིས་ ཕྱུར་ཤལ་མར་བརྔོ་བཟོཝ་ངེས་བདེན་ཨིནམ་ཁོ་གིས་ཧ་གོ་ཡི་ཟེར་སླབ་དེས།

ཕྱུར་ཤལ་ཕོ་ལེབ་འདི་ གྲུ་བཞི་སྦེ་དྲ་ཞིནམ་ལས་ མར་ནང་བླུགས་ དེ་ལས་གུ་རམ་བླུགས་ཏེ་བཟོ་མི་འདི་ལུ་སླབ་ཨིན། བཞེས་སྒོ་འདི་ ཧཱ་རྫོང་ཁག་གི་མངའ་འོག་ལུ་ ལ་ནོར་ཡོད་མི་ཚུ་གི་བཞེས་སྒོ་ཨིནམ་མ་ཚད་ རྒྱུ་གཙོ་བོ་ལ་ནོར་དང་མཐའ་ནོར་གྱི་ཨོམ་ལས་བཟོཝ་ཨིན་མས། ཕྱུར་ཕྱལ་གི་བཟོ་རྣམ་དེ་ཡང་ ཐོ་གང་གྲུ་བཞི་ལེབ་ཏ་སྦེ་འོངམ་ཨིནམ་ད་ ཚོས་གཞི་དཀརཔོ། སྦོམ་ཆུང་གི་ཐད་ཁར་ རང་གི་བློ་འདོད་དང་འཁྲིལ་ཏེ་བཟོཝ་ཨིན་མས། ཕྱུར་ཕྱལ་འདི་ དུས་ནམ་ར་བཟོཝ་ཨིན་ན་ཟེར་བ་ཅིན་ ལོ་བསྟར་གྱི་ཆོ་གུ་སྐབས་དང་ མགྱོནམོ་གསརཔ་འོངམ་ད། དེ་ལས་ དུས་སྟོན་ཚུ་གི་སྐབས་ལུ་ བཟོ་སྟེ་ལོངས་སྤྱོདཔ་མ་ཚད་ འཕྲལ་འཕྲལ་སྐབས་ རང་གི་ཁྱིམ་ནང་མགྱོནམོ་གསརཔ་རེ་འོངམ་ད་ཟ་ནི། དངུལ་ཁག་ཆེ་བའི་སྐབས་སུ་བཙོང་ནི། མི་གཞན་ལུ་ཁྱོསམ་ཕྱག་མཇལ་སྦེ་ཕུལ་ནི་ཚུ་གི་དོན་ལུ་བཟོཝ་ཨིན་མས།

དོན་དག།
ཕྱུར་ཤལ་མར་བརྔོ་གི་བྲོཝ་འདི་གིས་ ཧཱ་པའི་ལ་གུང་གསུམ་གྱི་སྡེ་གསལ་སྟོན་འབད་ཚུགསཔ་མ་ཚད་ ཡུལ་གོང་མ་ལུ་ཚོགས་དང་ཕུལ་ཆ་བཏུབ་པའི་ཁར་ ལྟ ལྟོ་ཚང་དང་འཆམ་མཐུནམ་ཚུ་ལུ་ཁྱོསམ་སྦེ་བསྐྱལ་བཏུབ་ཨིན། དེ་མ་ཚད་ དགའ་སྟོན་རྟེན་འབྲེལ་བརྩི་ས་ལས་ཕར་ བཞེས་སྒོ་སྣ་མང་གི་གྲངས་སུ་བཙུགས་ཏེ་བཞེས་སྲོལ་ཡོདཔ་ཨིན་མས།

རྒྱུན་སྤེལ་ཐབས་རིག།
ཚེ་རིང་དཔལ་འབྱོར་གྱིས་བཤད་དོ་བཟུམ་འབད་བ་ཅིན་ ཁོ་ར་ལོ་ངོ་ ༢༠ ལས་ ཨཔ་དང་མཉམ་ཅིག་ ལ་ཁ་ལུ་གཡག་འཚོ་སྟེ་སྡོད་པའི་བསྒང་ ཨོམ་བཞོ་ནི་དང་། ཨོམ་བཀྱོག་ནི་ ཕྱུར་ཤལ་བཟོ་ནི་ ཕྱུར་ཤལ་མར་བརྔོ་ ཕི་ལུ་བཟོ་ནི་ཚུ་ག་ར་ཨཔ་ལས་ ལྷབ་ཡོདཔ་སྦེ་བཤད་ཨིན་མས།

རྒྱལ་ཁབ་གོམ་པ་མདུན་དུ་སྤོ་བའི་ནམ་དུས་ལུ་ ལ་ནོར་འཚོ་སྡོད་མི་ཕམ་ཆ་ཁྱབ་ཀྱིས་ ཁོང་རའི་བུ་གཞི་ཚུ་ ཁོང་ར་བཟུམ་སྦེ་ དཀའཝ་སྤྱད་མི་དགོ་པར་ མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་ མཐར་འཁྱོལ་བཅུག་ནིའི་རེ་འདོད་བསྐྱེད་དེ་ གཡུས་སྒོ་དང་ཁྲོམ་ཁ་ལས་ཕར་ ཤེས་ཡོན་སྦྱང་བཅུག་ཞིནམ་ལས་ རྒན་རྒས་ཚུ་ ལ་ནོར་འཚོ་སྟེ་སྡོད་དོ་ཡོདཔ་ཨིན་མས། ལ་ལུ་གིས་ ལ་ནོར་ཚུ་གླ་ཁར་སྤྲོད་དེ་ འཚོ་བཅུག་དོ་ཡོདཔ་ལས་བརྟེན་ ཕྱུར་ཤལ་དང་། ཐ་དྲ། རྟ་ཆུ། ཕི་ལུ། དར་ཚི་མར་བརྔོ་ཚུ་ ནོར་རྫིཔ་རྐྱང་གཅིག་གིས་བཟོ་དོ་ཡོདཔ་ལས་ མ་འོངས་པ་ལུ་རྒྱུན་སྐྱོང་སྤེལ་མ་ཚུགས་པའི་ཉེན་ཁག་སྦོམ་སྦེ་འདུག།

ཨིན་རུང་ ད་རེས་ནངས་པ་ འབྲུག་གཞུང་གི་གྲོགས་རམ་དང་ རྒྱབ་སྐྱོར་ཐོག་ལས་ ཇར་སི་བཀྲམ་སྤེལ་འབད་དེ་ཡོད་མི་འདི་ འཚོ་སྐྱོང་ལེགས་ཤོམ་སྦེ་འཐབ་སྟེ་ ཨོམ་བཞོ་ཞིནནལས་ ཕྱུར་ཤལ་དང་། ཕི་ལུ། དར་ཚི་མར་བརྔོ་སོགས་ འདྲ་མིན་སྣ་ཚོགས་བཟོ་སྟེ་ བཀྲམ་སྤེལ་འབད་དང་འབད་བཞིན་དུ་འདུག་ཟེར་ཞུ་ནི་ཨིན།

ཕྱུར་ཤལ་མར་བརྔོ་བཟོཝ་ད་ ཅ་ཆས་དང་རྫས་སྦྱོར།
- ཕྱུར་ཤལ་ཕོ་ལེབ།
- ལ་མར།/བ་མར།
- ཀ་ལ་རྫམ། བླུགས་ནིའི་ཧོད།
- ཀ་ཀྲ་ལ། ཕྱུར་ཤལ་དྲ་ནི།
- ཨེན་ཏ། ཕྱུར་ཤལ་ཕོ་ལེབ་དྲ་ནི་གདན།
- གཟན་སྐྱ། དཀྲུགས་ནི།
- བང་ཅུང་། ཕྱུར་ཤལ་འདེགས་ནིའི་ཧོད།

ཕྱུར་ཤལ་མར་བརྔོའམ་ ཕྱུར་ཕྱལ་བཟོ་ཐངས་འདི་ཡང་ དུས་ཀྱི་འགྱུར་བ་དང་མིའི་བློ་རིག་གོང་འཕེལ་ལས་བརྟེན་ དང་ཕུ་ལ་ནོར་གྱི་ཨོམ་གྱིས་བཟོཝ་ཨིན་རུང་ དེང་སང་སྒོ་ནོར་སེམས་ཅན་གྱི་ཨོམ་གྱི་ཡང་བཟོ་སྲོལ་གསར་གཏོད་བྱུང་སྟེ་འདུག།

ཕྱུར་གོ་མར་བརྔོ་བཟོ་ཐངས།
- ཕྱུར་ཤལ་ ཕོ་ལེབ/ཕྱུར་གོ་འདི་ གྲུ་བཞི་སྦེ་བཏོག་ནི།
- ནོར་མར་བཙག་བཅད་པའི་བསྒང་ མེ་རན་ཏོག་ཏོ་དགོ།
- གུ་རམ་ཆུ་ཚ་ཏོམ་ནང་བཞུ་བཅུག་ནི།
- མར་བཙག་བཅད་མི་འདི་ ཇ་བཙག་ནང་བཙགས་ཏེ་ ཧོད་སོ་སོ་ནང་བླུགས་བཞག་ནི།
- ཕྱུར་གོ་གྲུ་བཞི་བཏོགས་མི་འདི་ ཆུ་ཚ་ཏོམ་ནང་བཤལ་ཏེ་མར་ནང་བླུགས་དགོ།
- གུ་རམ་བཞུ་མི་བླུགས་ནི།
- གོང་གི་རྫས་སྦྱོར་ག་ར་བླུགས་ཚར་ཏེ་ འགྲོས་ཀྱིས་སྦེ་དཀྲུགས་ཞིནམ་ལས་ ཚ་ལོམ་སྦོ་ལོམ་འགྱོཝ་ད་ཕབ་དགོཔ་ཨིན།

དྲན་གསོ།
ཕྱུར་གོ་གྲུ་བཞི་སྦེ་བཏོགས་མི་འདི་སྤུས་ཚད་ཡོད་པ་ཅིན་ ཆུ་ཚ་ཏོམ་ནང་བཤལ་གཏང་ནི་དང་། ཕྱུར་གོ་སྤུས་ཚད་མེདན་ ཆུ་བཤལ་རྐྱབ་ནི་མི་འོང་ ཞིག་འགྱོཝ་ཨིན་མས།
ཕྱུར་གོ་ཆུ་ཚ་ཏོམ་ནང་ཆུ་བཤལ་རྐྱབ་མི་འདི་ མགྱོགས་པར་དྲོད་བཏགས་ནིའི་དོན་ལུ་ཨིན་མས། ལ་ནོར་དང་ སྒོ་ནོར་གཉིས་ཀྱི་ཨོམ་ཞོ་སྟེ་ ཕྱུར་གོ་བཟོ་རུང་ བྱོ་ལ་དང་ཞིམ་ཧིང་ཅོག་ར་འཐད་ཟེར་ཨིན་མས། ཨིན་རུང་ ཕྱུར་གོ་སྐམ་ཐངས་དང་ བཟོ་ཐངས་ཀྱི་དབྱེ་བ་ཡོདཔ་སྦེ་བཤད་ནི་འདུག།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཧཱ་གི་ཁྲོམ་ལས་ དམ་ཐང་གི་སྣུམ་འཁོར་ལམ་བདའ་སྟེ་འགྱོ་ཞིནམ་ལས་ ཁྱུང་བདུད་ཤིང་དྲ་ཁང་གི་ཟུར་ལས་སྦེ་ ཁྱུང་བདུད་སློབ་གྲྭ་ལྟེ་བ་ལས་ཐོན་ཏེ་ སྟག་ལུང་གཡུས་ཚན་ནང་ལུ་ལྷོདཔའི་བསྒང་ གཡུས་ཚན་འདི་གངས་རི་བསྐོར་བའི་ལུང་གཤོང་ནང་ལུ་ ཁྱིམ་གུང་པ་ ༨༠ ཐམ་པ་གིས་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་གཉིས་མ་རྐྱབ་སྟེ་ མཛེས་ཆ་དང་ལྡན་པའི་ཁར་ དང་ཕུ་ཧཱ་པའི་མི་སེར་ཚུ་གིས་ འཚོ་བ་སྒོ་ནོར་དང་ ལ་ནོར་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ སོ་ནམ་ཞིང་ལཱ་ལུ་གཙོ་བོར་བཏོན་ཏེ་ ཀར་དང་ ནག་ ཀེ་བ་ ཚོད་བསྲེའི་རིགས་ཚུ་ ལག་ལེན་འཐབ་སྟེ་འཚོ་སྐྱོང་འབད་དོ་ཡོདཔ་ཨིན་མས། ཨིན་རུང་ ཁོང་ཁྱིམ་གུང་པ་ ༨༠ ཐམ་པ་ཡོད་ས་ལས་ ལ་ནོར་ཡོད་མི་ ཁྱིམ་གུང་པ་ ༢༠ དེ་ཅིག་གི་རྩིས་ཡོད་ཟེར་བཤད་ནི་འདུག།

ཧཱ་རྫོང་ཁག་གི་འོག་ལུ་ གཡུས་ཚན་ལེ་ཤ་ཡོད་པའི་གྲས་ལས་ སྟག་ལུང་གཡུས་ཚན་ནང་ལུ་ ཚོང་འབྲེལ་གཙོ་བོ་ར་ སྒོ་ནོར་དང་ ལ་ནོར་ལུ་བརྟེན་ཏེ་ ཨོམ་དང་། མར། དར་ཚི། ཕྱུར་གོ། ཕི་ལུ། ཕྱུར་གོ་སྒོར་སྒོརམ། ཕྱུར་ཤལ་རིགས་མ་འདྲཝ་ཚུ་བཟོ་སྟེ་ ཚོང་འབྲེལ་འཐབ་ཨིན་མས། ལ་ལུ་གིས་ཀེ་བ་དང་། འདབ་མ་ཀོ་པི། མེ་ཏོག་ཀོ་པི། ཚོད་བསྲེ་གི་རིགས་གཞན་དང་། ལ་ལུ་གིས་ ཁོང་རའི་གཡུས་ཁ་ལས་ཐོན་པའི་འབྲུ་སྣ་ ཀར་ཕྱེ། ནག་ཕྱེ། རྒྱ་རེད། བྱཱོ་ལ་སོགས་པ་ཚུ་ ཚོང་འབྲེལ་འཐབ་པའི་བསྒང་འདུག་ཟེར་ཞུ་ནི་ཨིན།

ཞིབ་འཚོལ་འབད་མི། ཚེ་རིང་། སྒྲིག་སློབ་གཙོ་བོ།
བརྡ་དོན་འབྱུང་ཁུངས།