ལམ་སྲོལ་ཆ་ཤས།

Elements

ཧོན་ཏོས།

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
རང་བཞིན་གནས་སྟངས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན།
ས་གནས།
རྒྱལ་ས་ལྟེ་བ་ལས་ ཧཱ་ལུ་འགྱོ་ནིའི་སྣུམ་འཁོར་གཞུང་ལམ་ དེ་ཡང་ ཆུ་འཛོམས་ལས་ ཟླ་བ་ཁ་བརྒྱུད་དེ་འགྱོ་མི་གཅིག་དང་ སྤ་རོ་འུ་ཆུ་ལས་ བཅད་རི་ལ་བརྒལ་ཏེ་འགྱོ་མི་ཁག་གཉིས་ཡོད། ཧཱ་གི་ལུང་གཤོང་འདི་ནང་ལྷོདཔ་ད་ རིགས་གསུམ་མགོན་པོ་གི་མཚོན་བྱེད་ཨིན་ཟེར་ རི་ཅོག་ར་འཐདཔ་གསུམ་མཇལ་ནི་ཡོད་པའི་ཁར་ དགྲ་ལྷ་ཁྱུང་བདུད་ཀྱི་ཆིབས་རྟའི་གཟུགས་བརྙན་ཨིན་ཟེར་ སྒང་གི་ངོས་ལུ་རྟའི་མགུ་ཏོག་གི་པར་ཡོད་ཅི་ཅིག་ཡང་མཐོང་ནི་འདུག། དེ་ལས་མཐོང་སྣང་གཞན་ཡང་ ཕྱི་ལས་ནགས་ཚལ་ཚུ་གིས་བསྐོར་བའི་སྦུག་ལུ་ རྫོང་གཞིས་གསར་རྙིང་དང་ ཁྲོམ་ཚོགས་ སློབ་གྲྭ་ ཁྲིམས་ཁང་དང་ རང་ལུགས་བཟོ་བཀོད་ལྡན་པའི་ཁྱིམ་གྱི་བཀོད་རིས་ཚུ་ མ་ཉམས་པར་སྔར་བཞིན་ཡོད་པའི་མཐོང་སྣང་ཚུ་ གནམ་ཁའི་སྐརམ་ས་ཁར་བབས་བབས་བཟུམ་སྦེ་ཁྲ་ཆེམ་ཆེམ་སྦེ་ ག་ནི་བ་མཛེས་ཆ་ལྡན་ཏོག་ཏོ་སྦེ་ཆགས་ཏེ་འདུག། ཧཱ་པའི་མི་སེར་ཚུ་གིས་བཤད་དོ་བཟུམ་འབད་བ་ཅིན་ ལུས་ལུ་ན་ཚ་དང་ སེམས་ལུ་སྡུག་བསྔལ་ཚུ་ག་ནི་ཡང་མེད་པར་ དགའ་སྐྱིད་ཐོག་ལས་གནས་ཏེ་ཡོད་མི་འདི་ རིགས་གསུམ་མགོན་པོའི་བཀྲིན་ལས་ཨིན་ཟེར་སླབ་ནི་འདུག། འདི་གིས་མ་དོ་བར་ ཁོང་གི་རྫོང་གཞིས་དང་ ལྷ་ཁང་ དགོན་སྡེ་ཚུ་ནང་ བྱིན་རླབས་ཅན་གྱི་སྐུ་གསུང་ཐུགས་རྟེན་ལེ་ཤ་ཡོད་པའི་ལོ་རྒྱུས་དང་ ཧཱ་གི་ཁྲོམ་ཚོགས་ནང་ལུ་ རང་ལུགས་ཀྱི་གྱང་ཁྱིམ་དང་ རྩིག་ཁྱིམ་རྐྱབ་མི་ཚུ་ ལོ་གཅིག་བ་ལོ་གཅིག་གོང་འཕེལ་འགྱོ་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ད་རེས་ཀྱི་གནས་སྟངས་འདི་གྱུར་བ་སྦོམ་རང་འགྱོ་སྟེ་ཡོད་ནི་འདི་གིས་ མ་འོངས་པ་ན་ཧཱ་གི་ལུང་གཤོང་ནང་ལུ་ མི་རློབས་ཡར་འཕེལ་འགྱོ་སྟེ་ ཁྱིམ་ཚུ་གིས་གང་ནི་ཨིན་པའི་ལོ་རྒྱུས་ཡང་བཤད་ནི་འདུག་ཟེར་ཞུ་ནི་ཨིན།
ངོས་བཟུང་འབད་བའི་ལོ།
2003
འགྲེལ་བཤད།
ཧོན་ཏོས་འདི་ ཧཱ་གི་རྫོང་ཁག་ནང་ལུ་ མིང་གཏམ་ཅན་གྱི་བཞེས་སྒོ་ཅིག་ཨིན་མས། ཧོན་ཏོས་འདི་ རྫས་སྦྱོར་ཚངམ་སྦེ་བླུགས་ཏེ་སྒྱེས་ཞིནམ་ལས་ བཟོ་ཟ་མི་འདི་ ཧཱ་རྫོང་ཁག་གི་མི་སེར་ཚུ་གི་བཞེས་སྒོ་ཨིན། རྒྱ་རེད་ཕྱི་གིས་བསྣད་ཞིནམ་ལས་ ཧོན་ཏོས་བཟོ་ཐངས་འདི་ སྒོར་སྒོར་ཁ་སྒྲིལ་ཏེ་བཟོ་མི་ཅིག་དང་ སྒོར་སྒོར་ཁ་མ་བསྒྲིལ་བར་ ལྷམ་པ་གཉིས་བཟོ་ནི་ཡོད་པའི་ཁར་ ཚོས་གཞི་ གནགཔོ་འཚམས་ཅིག་འགྱོཝ་ད་ འཚོཔ་ཨིན་མས། ཧོན་ཏོས་འདི་ ལོ་ཆོག་གཏངམ་ད་དང་ དུས་སྟོན་བརྩི་སྲུང་ རྟེན་འབྲེལ་སྐབས་ཚུ་ནང་བཟོཝ་མ་ཚད་ རང་ཟ་ནི་དང་ གཞན་ལུ་བཙོང་ནི། ཁྱོསམ་ཕྱག་མཇལ་སྦེ་བསྐྱལ་ནི་ཚུ་གི་དོན་ལུ་ཡང་བཟོཝ་ཨིན།

དང་ཕུ་ཧོན་ཏོས་བཙོ་ཐངས་ཀ་ལ་རྫམ་ནང་ཆུ་བླུགས་ཞིནམ་ལས་ ཀར་གྱི་སུག་མ་ཆག་པ་སྦེ་བཟོ་སྟེ་ ལེགས་ཤོམ་སྦེ་ཞིབ་བཞག་པའི་ཐོག་ཁར་ ཧོན་ཏོས་ཚུ་ཡང་ རྒྱ་རེད་ཀྱི་ཕྱེ་བསྣད་ཞིནམ་ལས་ སྒོར་ཐིག་ཆུང་ཀུ་ཅིག་བཟོ་ཞིནམ་ལས་ ལགཔ་གཡས་པའི་ཨམ་མཐེ་བོང་གིས་ གཡོན་པའི་ལག་མཐིལ་གུར་བཀལ་ཏེ་ བསྣད་ཞིནམ་ད་ ཧོག་ཀ་བཏོན་ཏེ་ཡོད་མི་དེ་ནང་ མཛུབ་མོ་གསུམ་གྱིས་རྫས་སྦྱོར་ཚུ་འཐུ་ཡི་ར་བླུགས་སྦེ་ ཁ་བསྡམ་ཏེ་བཟོ་ཞིནམ་ལས་ གྱལ་སྦེ་བཙུགས་ཏེ་བཙོཝ་ཨིན་མས། ཨིན་རུང་ ད་རེས་ནངས་པ་ ཀེབ་བཏང་ཆུང་ཀུ་སྒོར་སྒོརམ་སྒྲིལ་ཏེ་བཟོ་ཞིནམ་ལས་ རྫས་སྦྱོར་ཚུ་བླུགས་པའི་སྐབས་ ཐུརམ་གིས་སྦེ་བླུགས་ཏེ་ མོ་མོ་དང་ཅོག་འཐདཔ་སྦེ་བཟོཝ་མ་ཚད་ ཕྱི་ལས་ཐོན་པའི་མོག་ཀྲུ་འདི་ལག་ལེན་འཐབ་སྟེ་ ཧོན་ཏོས་བཙོ་བའི་སྐབས་ བཀྱག་གནགཔོ་འཚམས་ཅིག་འགྱོཝ་ད་བཏོནམ་ཨིན་མས།

ཧོན་ཏོས་བཟོ་ནིའི་རྒྱུ་རྫས་གཙོ་བོ་ གཡུང་རྡོག་འདི་ ཟླཝ་ ༦ པའི་ནང་སོན་བཏབ་ཞིནམ་ལས་ ཟླཝ་ ༨ པའི་ནང་བསྡུ་ནི་ཡོད་པའི་ཁར་ གཡུག་རྡོག་གི་འདབ་མ་/ལོམ་འདི་ ཕྱ་རུ་རུ་སྦེ་བརྫམ་སྟེ་ ཉིམ་ནང་བརྡལ་ཞིནམ་ལས་ སྐམ་ཀྲོག་ཀྲོག་འགྱོཝ་ད་ བསྡུ་ཞིན་ན་གསོག་འཇོག་འབད་བཞག་དགོཔ་ཨིན་མས། དེ་ལས་ ཧོན་ཏོས་བཟོ་བའི་ནམ་དུས་ལུ་ གཡུང་རྡོག་དང་ ལོམ་སྐམ་འདྲན་འདྲ་བླུགས་ཏེ་གཅིག་ཁར་བཙོ་ཞིནམ་ལས་ ཆུ་འཁྱུ་སྦེ་ དེ་ལས་ རྫས་སྦྱོར་ག་ར་ཚངམ་སྦེ་བླུགས་ཏེ་སྒྱེས་ཞིནམ་ལས་ ཧོན་ཏོས་བཟོཝ་ཨིན་མས། དེ་བཟུམ་སྦེ་ རྒྱ་རེད་འདི་ ཟླཝ་ ༦ པའི་ནང་སོན་བཏབ་ཞིནམ་ལས་ ཟླཝ་ ༨ པའི་ནང་བརྔ་སྟེ་ ས་གོ་འདི་ནང་ར་ ཉིན་གྲངས་ ༣ དེ་ཅིག་བརྡལ་སྦེ་བསྐམ་བཅུག་ཞིནམ་ལས་ བརྡུངམ་ཨིན་མས། དེ་ལས་ སྦི་ཁྱབ་ནང་བླུགས་ཏེ་ རླུང་ཁར་འཕྱར་ཞིནམ་ལས་ པགས་ཀོ་དང་ ནང་རྫས་སོ་སོར་བཏོན་ཏེ་ ཉིནམ་ ༡ དེ་ཅིག་ཉིམ་ནང་བསྐམས་པའི་ཤུལ་ལས་ ཕྱེ་འཐག་ཞིན་ན་ གསིག་མ་ནང་ལེགས་ཤོམ་སྦེ་ གསིག་སྟེ་ཕྱེ་བཏོནམ་ཨིན་མས།



དོན་དག།
ཧོན་ཏོས་བཟོ་རྣམ་དང་དེའི་བྲོཝ་གིས་ ཧཱ་པའི་ལ་གུང་གསུམ་གྱི་སྡེ་གསལ་སྟོན་འབད་ཚུགསཔ་མ་ཚད་ ཡུལ་གོང་མ་ལུ་ཚོགས་དང་ཕུལ་ཆ་བཏུབ་པའི་ཁར་ ལྟ་ལྟོ་ཚང་དང་འཆམ་མཐུནམ་ཚུ་ལུ་ཁྱོསམ་སྦེ་བསྐྱལ་བཏུབ་ཨིན། དེ་མ་ཚད་ དགའ་སྟོན་རྟེན་འབྲེལ་བརྩི་ས་ལས་ཕར་ བཞེས་སྒོ་སྣ་མང་གི་གྲངས་སུ་བཙུགས་ཏེ་བཞེས་སྲོལ་ཡོདཔ་ཨིན་མས།

རྒྱུན་སྤེལ་ཐབས་རིག།
ཚེ་རིང་དབང་ཕྱུག་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ཆུང་ཀུའི་བསྒང་ལས་ ཨཔ་དང་ཨའི་མཉམ་ཅིག་ གཡུས་ཁར་སྡོད་པའི་བསྒང་ཧོན་ཏོས་བཟོ་ནི་དང་ རྫས་སྦྱོར་ག་ཅི་རང་ཚང་དགོཔ་ཨིན་ན། བཙོ་ཐངས་ཀྱི་སྐོར་ལས་ ལྷབ་སྦྱང་ལེགས་ཤོམ་སྦེ་འབད་བའི་འབྲས་བུ་གིས་ དངུལ་གྱི་འོང་བབས་ཡང་ འབོར་ཆེ་ཏོག་ཏོ་སྦེ་བཟོ་ཚུགས་པའི་ཁེ་ཕན་སྦོམ་ར་འདུག་ཟེར་ཨིན་མས།

ཧོན་ཏོས་བཟོཝ་ད་ དགོས་མཁོའི་ཅ་ཆས།
- ཀ་ལ་རྫམ། གཡུང་རྡོག་དང་ལོམ་བཙོ་ནིའི་ཧོད།
- མོག་ཀྲུ། ཧོན་ཏོས་བཙོ་ནིའི་ཧོད།
- ཟངས་གཞོང་། ཕྱི་བསྣད་ནིའིཧོད།
- ཐུརམ། རྫས་སྦྱོར་བླུག་ནི།
- སྒྲིལ་ཤིང་། ཀེབ་ཏ་བསྒྲིལ་ནི།
- ཨེན་ཏ། སྒྲིལ་ཤིང་གི་འོག་གདན་བཙུགས་ནི།
- སུག་མ། བཙོ་བའི་བསྒང་ཧོན་ཏོས་བཞག་ནིའི་གདན།
- རྩིག་ཀུ། ས་སྒ་དང་ ཨེ་མ་ སྐྱ་སྒོགཔ་ བརྡུང་ནི།
- ཀ་ཀྲ་ལ། ས་སྒ་དང་ སྐྱ་སྒོགཔ་ཚུ་པགས་ཀོ་བཤུབ་ནི་དང་བཀག་ནིའི་དོན་ལུ།
- གཟན་སྐྱ། རྫས་སྦྱོར་དཀྲུག་ནི།

ཧོན་ཏོས་བཟོ་ཐངས་ཡང་།
- རྒྱ་རེད་ཕྱེ་བསྣད་དེ་ཨང་སྒོང་བཟོ་བཞག་ནི།
- གཡུང་རྡོག་ཤེག་ནི་ཟེར་མི་འདི་ གཡུང་རྡོག་ཕྱ་རུ་རུ་བཟོ་ནི།
- ལོམ་ཕྱ་རུ་རུ་རྫམ་ཏེ་ གཉིས་ཆ་ར་སླ་བསྲེ་སྟེ་ ལོམ་བཙོ་ནི།
- གཡུང་རྡོག་དང་ ལོམ་བཙོ་མི་འདི་ ཆུ་འཁོལམ་ནང་བཤལ་ཞིནམ་ལས་ སྤུས་ཙ་འབད་བཙིར་ཏེ་ ཧོད་ཅིག་ནང་བླུགས་ནི།
- དུང་སྒོགཔ་ཕྱ་རུ་རུ་རྫམ་དགོ།
- ས་སྒ་བརྡུང་སྟེ་བླུགས་ནི།
- སྐྱ་སྒོགཔ་བརྡུང་དགོ།
- ཐིང་ངེ་བརྡུང་དགོ།
- བྱོ་ལ་འཐོན་ནིའི་དོན་ལུ་ རྫས་མཐུད་ཨ་ཙི་ཅིག་བླུགས་ནི།
- ཞིམ་རྩི་ནགཔོ་བརྡུང་སྟེ་བླུགས་ནི།
- སྟར་ཀོའི་ནང་རྫས་བཏོན་ཞིནམ་ལས་ བརྡུང་སྟེ་བླུགས་དགོ།
- མར་དྲོ་བཏགས་ཏེ་བླུགས་ནི།
- ཨེ་ཕྱེ་བླུགས།
- ཚྭ་བཏབ་ནི།
གོང་གི་རྫས་སྦྱོར་ཚུ་རྫམ་ནང་བླུགས་ཞིནམ་ལས་ གཟན་སྐྱ་གིས་དཀྲུགས་ཏེ་ལེགས་ཤོམ་སྦེ་སླ་བསླེས་རྐྱབ་སྟེ་སྒྱེས་ཞིནམ་ལས་བཟོཝ་ཨིན་མས།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཧཱ་རྫོང་གསརཔ་གི་ཉེ་འདབས་ལུ་ བཟའ་ཁང་བཙུགས་ཏེ་སྡོད་མི་ ཚེ་རིང་དབང་ཕྱུག་གིས་བཤད་དོ་བཟུམ་འབད་བ་ཅིན་ ཧཱ་གི་མི་སེར་ཚུ་ སྒོ་ནོར་དང་ ལ་ནོར་ལུ་བརྟེན་ཏེ་འཚོ་བ་སྐྱོང་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ སོ་ནམ་ཞིང་ལཱ་ལུ་གཙོ་བོར་བཏོན་ཏེ་ སྡོད་མི་ལེ་ཤ་ཡོད་ཟེར་ཨིན་མས།

ཁོ་གིས་ཁྲོམ་ཁ་ལུ་ བཞེས་སྒོའི་ཟ་ཁང་བཙུགས་ཏེ་ ལོ་ངོ་བཅུ་ཐམ་དེ་ཅིག་གི་རིང་ ཁེབ་ས་སྦོམ་ཤོས་ར་ ཧོན་ཏོས་ལས་ཐོབ་པའི་ལོ་རྒྱུས་དང་ ཧོན་ཏོས་བཟོ་ཞིནམ་ལས་ ཐིམ་ཕུག་དང་སྤ་རོ་ལུ་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ མཁོ་མངག་འབད་མི་ཡང་ ལེ་ཤ་རང་འཐོན་དོ་ཟེར་སླབ་ཨིན་མས།

ཞིབ་འཚོལ་འབད་མི། ཚེ་རིང་། སྒྲིག་སློབ་གཙོ་བོ།
བརྡ་དོན་འབྱུང་ཁུངས།