ལམ་སྲོལ་ཆ་ཤས།

Elements

དགྲ་མེད་རྩེ་རྔ་འཆམ། unesco mark

རྒྱལ་ཁབ།
འབྲུག།
ཡུ་ནེསི་ཀོ་གི་རྒྱ་ཆེ་བའི་དབྱེ་ཁག།
ཟློས་གར།
ས་གནས།
དགྲ་མེད་རྩེ་ཟེར་མི་འདི་ འབྲུག་ཤར་ཕྱོགས་མོང་སྒར་རྫོང་ཁག་ནང་ཡོད་པའི་གཡུས་ཚན་ཅིག་ཨིན། གཡུས་ཚན་འདི་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་༢༣༠༠ དང་ མོང་སྒར་རྫོང་ཁག་ལྟེ་བ་ལས་ཀི་ལོ་མི་ཊར་ ༡༠༠ དེ་ཅིག་དང་ བཀྲ་ཤིས་སྒང་མོང་སྒར་གཞུང་ལམ་ལས་ ཀི་ལོ་མི་ཊར་ ༢༠ དེ་ཅིག་གི་ས་ཁར་ ཡོདཔ་ཨིན། གཞུང་ལམ་ལས་ཡར་ དགྲ་མེད་རྩེ་མི་སྡེ་ལྟེ་བ་ལྷོད་ལྷོད་ལུ་ ཟུར་ལམ་གོར་སྟབས་ ༣༠ ཀྲིག་ཀྲི་ཡོད། དགྲ་མེད་རྩེ་འདི་ སྤོ་ཏོག་ཅིག་གུར་ཡོདཔ་མ་ཚད་ རི་ཕར་ཁར་གྱི་གཡུས་ཚན་ ཁྱིམ་ཚང་རྫོང་ཁག་བཀྲིས་སྒང་། བཀང་ལུང་། ཨུ་ཟོ་རོང་། ཁི་ཡ་གྲང་རོང་། ཡོན་ཕུ་ལ་ཚུ་གི་གདོང་བསྐོར་དང་ གྲང་མེད་ཆུ་གི་རི་སྟོད་ལུ་ཆགས་ཡོདཔ་ཨིན། ཨྱོན་ཐེག་མཆོག་རྣམ་གྲོལ་ཆོས་གླིང་དགོན་པ་འདི་ཡང་ དགྲ་མེད་རྩེ་མི་སྡེའི་ངོམ་དུ་རུང་བའི་བདོག་གཏད་ཁྱད་པར་ཅན་གཅིག་ཨིན། དགོན་པ་འདི་ དུས་རབས་ ༡༦ པའི་ནང་ མཁས་བཙུན་བཟང་པོའི་ཡོན་ཏན་འབུམ་གྱིས་ཕྱུག་པ་ མཁའ་འགྲོ་འབུམ་གྱི་གཙོ་མོ་ བསམ་བཞིན་མི་ཡི་གཟུགས་སུ་འབྱོན་མི་ མཚན་སྙན་གྲགས་ འབྲུག་རྒྱལ་ཁབ་ནང་ དབྱར་གྱི་འབྲུག་ལྟར་གྲགས་པ་ གཏེར་སྟོན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པའི་ (༡༤༥༠-༡༥༢༡) ཚམོ་ ཨ་ཎེ་མཆོད་རྟེན་བཟང་མོ་གིས་འགོ་ཐོག་དང་པ་བཞེངས་གནང་ནུག། ཨ་ཎེ་མཆོད་རྟེན་བཟང་མོ་གིས་བཞེངས་པའི་དགོན་པ་ངོ་མ་འདི་ ད་རེས་ནངས་པ་ དགྲ་མེད་རྩེ་དགོན་པ་ལས་ ཀི་ལོ་མི་ཀྲར་ ༣ དེ་ཅིག་གི་ས་ཁར་ གྲུབ་ཆུ་དགོན་པ་ ཟེར་སར་བཏབ་གནང་གནངམ་ཨིན་པས། དེ་འབདཝ་ད་ དུས་ཀྱི་རིམ་པ་དང་འཁྲིལ་ཏེ་ དགོན་པའི་ནང་ དགེ་འདུན་གྱི་སྡེ་གིས་གཙོས་པའི་སྒོམ་ཆེན་གྱི་སྡེ་ཡང་ མང་སུ་མང་སུ་འཕེལ་འགྱོ་སྟེ་ དགོན་པའི་ནང་མ་ཤོང་པར་ ད་རེས་ཆགས་ཡོད་པའི་ཨྱོན་ཐེག་མཆོག་རྣམ་གྲོལ་ཆོས་གླིང་དགོན་པ་ལུ་སྤོ་དགོཔ་ཐོན་ནུག། རྒྱལ་དབང་དྲུག་པ་ ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་ཡང་ ཨ་ཎེ་མཆོད་རྟེན་བཟང་མོ་འདི་ མི་ཡི་གཟུགས་སུ་བྱོན་པའི་མཁའ་འགྲོ་མ་ ཁམས་གསུམ་འཁོར་བའི་སེམས་ཅན་ཚུ་གི་མཐའ་དོན་ཁོ་ན་ལུ་ བརྩོན་ཏེ་བཞུགས་མི་ཅིག་ལུ་ངོས་འཛིན་གནང་ནུག། ཨ་ཎེ་མཆོད་རྟེན་བཟང་མོ་འདི་ དགུང་ལོ་ཆུང་ཀུ་ལས་ར་ སྒོམ་ཉམས་ལེན་གྱི་ངང་ལུ་ཐུགས་གཏད་དེ་ བུམ་ཐང་ལུང་ཕྱོགས་ཀྱི་བྱག་ཕུག་དང་ རི་ཁྲོད་ཚུ་ནང་བཞུགས་ཡོད་རུང་ ཤུལ་ལས་ལུང་བསྟན་དང་འཁྲིལ་དགྲ་མེད་རྩེ་ལུ་ཞབས་ཕེབས་གནང་ཡོདཔ་ཨིན་པས།
ངོས་བཟུང་འབད་བའི་ལོ།
༡༩༧༡
འགྲེལ་བཤད།
དགྲ་མེད་རྩེ་རྔ་འཆམ་འདི་ གཏེར་སྟོན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པའི་གཏེར་ཆོས་ཀྱི་ཁོངས་གཏོགས་ གར་འཆམ་ཁྱད་དུ་འཕགས་པ་ཅིག་ཨིན། འ་ནི་འཆམ་འདི་ འབྲུག་གི་གར་འཆམ་ཚུ་ལས་ཐུན་མོང་མ་ཡིན་པ་དང་ མཆོག་ཏུ་འགྱུར་ཅིང་ འབྲུག་རྒྱལ་ཁབ་ཀྱི་ནང་ན་ལས་བྱུང་པའི་གར་འཆམ་ངོ་མ་ཅིག་ལུ་
ངོས་འཛིན་འབདཝ་ཨིན། ཁྱིམ་ཚང་ཧི་མཱ་ལ་ཡའི་གངས་བརྒྱུད་ནང་ ནང་པའི་ཆོས་ལུགས་དང་ཡིད་ཆེས། ལམ་སྲོལ་དང་གོམས་གཤིས་ ཆ་མཚུངས་པ་ལེ་ཤ་ཡོད་དེ་འབད་རུང་ དགྲ་མེད་རྩེ་རྔ་འཆམ་འདི་ སྐུ་འཆམ་གཞན་ཚུ་ལས་ཁྱད་དུ་འཕགས་པ་ཅིག་ཨིན།

འདི་ཡང་ དུས་རབས་ ༡༦ པ་འཚམས་ལུ་ མོང་སྒར་རྫོང་ཁག དགྲ་མེད་རྩེ་རྒེད་འོག་ དགྲ་མེད་རྩེ་དགོན་པའི་ནང་ འགོ་ཐོག་དང་པ་གཞི་བཙུགས་འབད་བའི་ཉིན་མ་ལས་ ད་ལྟོ་ཚུན་ དགྲ་མེད་རྩེ་རྔ་འཆམ་འདི་ འབྲུག་པའི་ལམ་སྲོལ་གྱི་གོམས་གཤིས་ ཁྱད་པར་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ་མ་ཚད་ ལྷག་པར་དུ་ དགྲ་མེད་རྩེ་མི་སྡེའི་ངོ་རྟགས་སྟོན་པའི་ གར་འཆམ་གཙོ་བོ་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།

སྤྱི་ལོ་ ༡༥༡༨ ལོ་ལུ་ ཨ་ཎེ་མཆོད་རྟེན་བཟང་མོའི་སྐུ་མཆེད་ མདོ་སྔགས་གཞུང་ལུགས་ཀུན་ལུ་མཁས་པ་ཨིནམ་མ་ཚད་ མཁས་གྲུབ་གཉིས་ལྡན་དང་ ལྷག་པར་དུ་གསང་སྔགས་ཟབ་མོའི་ཆོས་ལུ་མངའ་བརྙེས་ནས་ ཨྱོན་རིན་པོ་ཆེ་དང་ལན་གྲངས་ལེ་ཤ་ཅིག་དངོས་མཇལ་བྱུང་མི་ མཁས་གྲུབ་ཀུན་དགའ་རྒྱལ་མཚན་ནམ་ མཁས་གྲུབ་ཀུན་དགའ་སྙིང་པོ་ཟེར་ཞུ་མི་འདི་ དགྲ་མེད་རྩེ་ལུ་གྲུབ་པ་ཉམས་ལེན་གནང་བཞུགས་པའི་སྐབས་ ཚར་གཅིག་འབདཝ་ད་ གོས་ཆེན་སྣ་ལྔས་བརྒྱན་དུ་གསོལ་ཞིང་ གཡུ་བྱུ་རུ་ལ་སོགས་པ་ རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་འགྲོ་མ་ མཛེས་ཤིང་ཡིད་དུ་འོང་བ་གསུམ་ གཟིམ་ལམ་ནང་བྱོན་ཏེ་ ཁོང་གསུམ་པོ་གིས་ ཁོ་ར་གུ་རུ་རིན་པོ་ཆེའི་ཞིང་ཁམས་རང་བྱུང་སྤྲུལ་པའི་ཕོ་བྲང་ཆེན་པོ་ ཟངས་མདོག་དཔལ་རི་ལུ་ པདྨའི་ཁྲི་སྟེང་བཞུགས་པའི་དེ་གཤེགས་ཀུན་འདུས་ ཨྱོན་ཆོས་ཀྱི་རྒྱལ་པོ་འཇའ་ལུས་ཡེ་ཤེས་ཀྱི་སྐུར་བཞུགས་པའི་སྤྱན་སྔར་འཁྱིད་འགྱོ་ནུག། གུ་རུ་རིན་པོ་ཆེ་གིས་ མཁས་གྲུབ་ཀུན་དགའ་རྒྱལ་མཚན་ལུ་ བུ་ཁྱེད་ན་འོང་བ་ལེགས་སོ། ང་སེམས་དགའ་ཡི། ཟེར་ གསུངསམ་ད་ གུ་རུ་རིན་པོ་ཆེའི་སྐུ་མདུན་ལུ་ དཔའ་བོ་མཁའ་འགྲོའི་ཞི་ཁྲོ་དམ་པ་རིགས་ བརྒྱའི་ལྷ་ཚོགས་ གུ་རུ་རིན་པོ་ཆེའི་སྐུ་མདུན་ལུ་རྔ་འཆམ་འདི་ བརྐྱབ་ནི་འགོ་བཅུགས་ནུག། རྔ་འཆམ་འདི་མཇུག་བསྡུ་ཞིནམ་ལས་ གུ་རུ་རིན་པོ་ཆེ་གིས་མཁས་གྲུབ་ལུ་འཇིག་རྟེན་འཛམ་གླིང་ནང་ལུ་ འགྲོ་བ་རིགས་དྲུག་སེམས་ཅན་ཚུ་གི་དོན་ལུ་ རྔ་འཆམ་འདི་ཁྱོད་ཀྱིས་འགོ་བཙུགས་དགོ་ཟེར་གསུངས་ནུག། འ་ནེམ་ཅིག་གི་བར་ན་ལུ་ མཁས་གྲུབ་མཆོག་གི་གཟིམ་སྣང་རྒྱུན་ཆད་དེ་ གཟིམ་ལམ་ལས་བཞེངས་པའི་ཚེ་ གཟིམ་སྣང་ཁྱད་པར་ཅན་ཅིག་ཨིན་པར་དགོངས་ཏེ་ ཁོ་གིས་དེ་འཕྲལ་ལས་ གར་གྱི་ཉམས་དགུ་དང་ཕྱིའི་འཆམ་གྱི་ལེའུ་དང་རྩ་ཚིག ནང་གི་དམིགས་རིམ་དང་བཅས་པའི་འཆམ་གྱི་རིམ་པ་ཚུ་ ཆད་ལྷག་མེད་པར་ཐུགས་ཁར་བསྣམས་ཏེ་ དགྲ་མེད་རྩེ་ལུ་འཆམ་འདི་ འགོ་ཐོག་དང་པ་བཙུགས་གནང་ནུག།

འཆམ་འདི་དཔའ་བོ་དང་ དཔའ་མོ་ཚུ་གིས་གསང་བའི་སྐུ་འཆམ་ ཁྱད་དུ་འཕགས་པ་ཅིག་ཨིནམ་ལས་ སྐུ་འཆམ་འདི་མཇལ་བ་ཙམ་གྱིས་ མི་སྡེ་ནང་ནད་ཡམས་མུ་གེ་རྩོད་ཚུ་ རང་བཞིན་གྱིས་ཞི་ཞིང་ བཀྲ་ཤིས་ལོ་ལེགས་འོང་བ་དང་། ལྷག་པར་དུ་བསྟན་དགྲ་དམ་སྲིའི་ རིགས་ཚུ་རྩ་མེད་བཏང་ཞིང་ མཐར་ཐུག་ཨྱོན་རིན་པོ་ཆེའི་གོ་འཕང་ཐོབ་པའི་ཆ་རྐྱེན་དང་ བདེ་སྐྱིད་ཀྱི་དཔལ་བསྐྱེད་པའི་ནུས་མཐུ་ཅན་གྱི་འཆམ་ཅིག་ལུ་བརྩིཝ་ཨིན། ད་ལྟོ་ཚུན་ཚོད་ རཏྣ་གླིང་པ་དང་པདྨ་གླིང་པ་གཉིས་ཀྱི་ཧེ་མ་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ ནང་པའི་བླམ་མཁན་པོ་ག་ཡང་བྱོན་པའི་ལོ་རྒྱུས་ཡིག་ཐོག་ལུ་བཀོད་བཀོདཔ་མི་འདུག།

ཕལ་ཆེར་ཤར་ཕྱོགས་ཁ་ཐུག་ལུ་ དེ་བསྒང་ནང་པའི་ཆོས་ཀྱི་གཞི་འགྱམ་མ་ཚུདཔ་འོང་ནི་ཨིནམ་ལས་ དགྲ་མེད་རྩེ་རྔ་འཆམ་འདི་ དམིགས་བསལ་གྱིས་དགྲ་མེད་རྩེ་ལུ་གཞི་བཙུགས་མཛད་པའི་དགོས་དོན་ཡང་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ གསང་སྔགས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་དང་ ཆོས་མིན་གྱི་སྡེ་ལས་རྒྱལ་བའི་དོན་ལུ་ཨིན་པས། དེ་ཡང་ནང་པའི་ལུགས་ལྟར་འབད་བ་ཅིན་ རྔ་སྒྲ་འདི་ བདུད་སྡེ་ལས་རྒྱལ་བའི་བརྡ་མཚོན་ཅིག་ལུ་ཡང་ ངོས་འཛིན་འབདཝ་ཨིན་པས།
རྒྱལ་རབས་ཀྱི་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ དགྲ་མེད་རྩེ་རྔ་འཆམ་འདི་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་ འབྲུག་ནུབ་ཕྱོགས་རྟ་ལོག་ལུ་ གདན་འདྲེན་ཞུ་བའི་སྐབས་རྐྱངམ་ཅིག་ དགྲ་མེད་རྩེའི་གཡུས་ཚན་ལས་ ཕྱི་ཁར་འགོ་དང་པ་གདན་དྲངས་ནུག། དེ་ལས་རིམ་པ་བཞིན་དུ་ འབྲུག་རྒྱལ་གཉིས་པའི་སྐབས་ ཀྲོང་གསར་དང་སྤ་རོ། སྒང་སྟེང་དགོན་པ་དང་བུམ་ཐང་ཨུ་ར་ཚུ་ནང་ རྔ་འཆམ་འདི་འགོ་བཙུགས་ནུག། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་ལུ་ གར་འཆམ་འདི་ འགོ་ཐོག་དངཔ་ སྤྱི་ལོ་ ༡༩༥༠ ང་གྲངས་ནང་ རྒྱ་གར་གྱི་སྲིད་བློན་དང་པ་པཎྜི་ཏ་ ཇ་ཝ་ཧར་ལཱལ་ནེ་ཧ་རུ་ (༡༨༨༩-༡༩༦༤) མཆོག་ འབྲུག་ལུ་ཆིབས་བསྐྱོད་གནང་པའི་སྐབས་ བརྐྱབ་ནི་འགོ་བཙུགས་ནུག། ད་རེས་ནངས་པ་ དགྲ་མེད་རྩེ་རྔ་འཆམ་འདི་ རྒྱལ་ཁབ་ཀྱི་མཐའ་དབུས་མེད་པའི་རྫོང་ཁག་དང་ མི་སྡེའི་ལྟེ་བ་ཚུ་གི་དུས་ཆེན་ཚུ་ནང་ མི་དམངས་སྤྲོ་སྟོན་གྱི་ལས་རིམ་གཙོ་བོ་གཅིག་ལུ་གྱུར་ཏེ་ཡོད།

ད་རེས་ནངས་པ་ དགྲ་མེད་རྩེ་རྔ་འཆམ་འདི་ལུ་ ཁག་མ་འདྲཝ་གཉིས་དེ་ཅིག་ཡོད་མི་འདི་ཡང་ གཅིག་ དགྲ་མེད་རྩེ་ཨྱོན་ཐེག་མཆོག་རྣམ་གྲོལ་ཆོས་གླིང་ནང་རྐྱབ་སྲོལ་ཡོད་མི་དང་ གཞན་མི་འདི་ ས་གནས་ཁག་སོ་སོའི་དགོན་སྡེ་དང་ མི་སྡེ་ལྟེ་བ་ཚུ་ནང་རྐྱལ་སྲོལ་ཡོད་མི་འདི་ཨིན། དགྲ་མེད་རྩེ་ལུ་ སྲོལ་ཡོད་པའི་རྔ་འཆམ་ཚུ་ དུས་ཀྱི་འགྱུར་བ་དང་བསྟུན་ ལེའུ་དང་གཟུགས་ཀྱི་ཉམས་འགྱུར་གྱི་ཁྱད་ ཨ་ཙ་ར་གཉིས་ཀྱིས་སྔོན་འགྲོའི་འཆམ་ཅིག་བརྐྱབ་ནི་ཡོད། ས་གནས་ཁ་གཞན་ལུ་རྐྱབ་ཡོད་པའི་རྔ་འཆམ་ཚུ་ དུས་ཀྱི་འགྱུར་བ་དང་བསྟུན་ ལེའུ་དང་གཟུགས་ཀྱི་ཉམས་འགྱུར་གྱི་ཁྱད་པར་ཡང་ སོ་སོར་གྱུར་འགྱོ་སྟེ་ ད་རེས་ནངས་པ་འཆམ་གྱི་རྣམ་པ་ལུ་ དུམ་གྲ་ཅིག་སོ་སོ་སྦེ་སོང་སྟེ་ཡོདཔ་ཨིན་པས། དེ་སྦེ་འགྱེ་དགོ་མི་འདི་ཡང་ གཙོ་བོ་གཅིག་ འཆམ་འདི་བཙགས་ས་གཅིག་ལས་བཙགས། སློབ་དཔོན་གྱི་རྒྱུན་གཅིག་ཁོ་ན་ལས་མ་བརྒྱུད་པར་ ས་གནས་ཁག་སོ་སོ་ལུ་ སློབ་དཔོན་སོ་སོ་དང་གཅིག་གིས་གཅིག་ལུ་འབྲེལ་གཏོགས་ག་ནི་ཡང་མེད་པར་ སོ་སོར་སྦེ་ཕར་ཕར་ཡུན་འགྱངས་འགྱོ་བ་ལས་བརྟེན་ འཆམ་གྱི་རྣམ་པ་ལུ་ཡང་ དུས་ཀྱི་རིམ་པ་དང་འཁྲིལ་ སོ་སོར་ཡར་སོངཔ་ཨིན་པས། དེ་ལས་རིམ་པ་བཞིན་དུ་ འཆམ་གྱི་ལེའུ་དང་ཉམས་འགྱུར་གྱི་རྣམ་པ་ལུ་ཡང་ ཁྱད་པར་ཞུགས་མཆིསཔ་འོང་ནི་ཨིན་པས།

དགྲ་མེད་རྩེ་རྔ་འཆམ་འདི་ རྫོང་ཁག་རང་རང་སོ་སོའི་ཚེས་བཅུའི་སྐབས་ལུ་ རྫོང་གི་རྡོ་གཅལ་ནང་དང་གཞུང་འབྲེལ་གྱི་ལས་རིམ་སྐབས་ལུ་ འོས་འབབ་ལྡན་པའི་ས་གོ་ཚུ་ནང་རྐྱབ་ཨིནམ་མ་ཚད་ དགོན་སྡེ་ཁག་དང་གཡུས་ཚན་ཁག་གི་ཚེས་བཅུའི་སྐབས་ལུ་ དགོན་སྡེ་ཁག་གི་རྡོ་གཅལ་དང་ གཡུས་ཚན་ཁག་གི་འོས་འབབ་ལྡན་པའི་ས་གོ་ཚུ་ནང་རྐྱབ་ཨིན།
དོན་དག།
དགྲ་མེད་རྩེ་རྔ་འཆམ་འདི་ འབྲུག་རྒྱལ་ཁབ་ནང་ དར་ཁྱབ་སྦོམ་འགྱོ་བའི་དགོས་དོན་འདི་ཡང་ གར་འཆམ་འདི་ལུ་ དམིག་བསལ་གྱི་ཁྱད་ཆོས་ལེ་ཤ་ཡོད་པའི་གུར་ འཆམ་འདིའི་ར་ཁུངས་ ཆོས་ལུ་ཐུག་ནི་འདི་གིས་དང་ འཆམ་འདི་ལུ་ རྒྱལ་རབས་དང་ལྡན་པའི་ར་ཁུངས་ སྦོམ་ཡོད་མི་ཅིག་འབད་ནི་འདི་གིས་ཨིན། དང་པ་གཅིག་ལུ་ གར་འཆམ་འདི་ གསང་ཆེན་སྔགས་གཞུང་ཀྱི་དགོངས་དོན་ལྟར་ དག་པའི་ཞིང་ཁམས་ཀྱི་དཔའ་བོ་དང་ དཔའ་མོ་ཚུ་གི་གསང་བའི་བྲོ་གར་མཚོན་པ་ལས་བརྟེན་ སྤྱིར་འབྲུག་མི་ཚུ་དང་ བྱེ་བྲག་ཏུ་ དགྲ་མེད་རྩེ་མི་སྡེ་ཚུ་གིས་དགྲ་མེད་རྩེ་རྔ་འཆམ་འདི་ མཇལ་བ་ཙམ་གྱིས་ངན་སོང་གྲོལ་ཏེ་ ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན་པས།

གཉིས་པ་ཟེརཝ་ད་ གར་འཆམ་འདི་ སྤྱིར་བཏང་སྤྲོ་སྟོན་གྱི་ལས་རིམ་རྐྱངམ་གཅིག་མིན་པར་ གར་འཆམ་རྐྱབ་མི་ཚུ་གིས་དམིགས་པ་ལེ་ཤ་བསྐྱེད་དེ་ ཞི་ཁྲོའི་ལྷ་ཚོགས་ཀྱི་རྣམ་པ་གསལ་དགོས་པའི་སྐུ་འཆམ་གཅིག་ཨིན། དེའི་ནང་དོན་ཉིད་ལས་ འཆམ་དཔོན་དང་འཆམ་མཇུག དེ་ལས་དབུ་མཛད་གསུམ་གྱིས་ འཆམ་གྱི་ལེའུ་དང་འཁྲིལ་ཏེ་ དག་པའི་ཞིང་ཁམས་ཀྱི་དཔའ་བོ་དང་དཔའ་མོའི་རྣམ་པ་གསལ་རེ་རེ་སྦེ་ དམིགས་པ་ངེས་པར་དུ་བསྐྱེད་དགོཔ་ཨིན་པས།
དེ་འབདཝ་ལས་ གར་འཆམ་རྐྱབ་མི་དང་ དབུ་མཛད་ཚུ་ག་ར་འཆམ་མ་རྐྱབ་པའི་ཧེ་མ་ གཞི་རིམ་གྱི་སྒོམ་གྲུབ་དང་ སྒོམ་བཟླས་ཀྱི་རིམ་པ་ངེས་པར་དུ་ཚང་དགོཔ་ཨིན་པས།

འཆམ་པ་ཚུ་གར་འཆམ་རྐྱབ་པའི་ནམ་དུས་ ཞི་ཁྲོའི་ལྷ་ཚོགས་མཚོནམ་ཨིན་པས། དེ་ཡང་ མ་རུང་བདུད་ཀྱི་ཆོ་འཕྲུལ་ཚུ་ ཐབས་ཤེས་གཉིས་ཀྱི་སྒོ་ལས་ འབུར་འཛོམས་འབད་མི་ཡང་ ཞི་བ་ཚུ་ལུ་ཞི་བའི་ཐབས་ཤེས་དང་ མ་རུངས་པ་ཚུ་ལུ་དྲག་པོའི་ཐབས་ཤེས་སྟོན་ཏེ་ གང་ལ་གང་འདུལ་གྱི་སྒོ་ལས་བཏུལཝ་ཨིན། དེ་འབདཝ་ལས་ དགྲ་མེད་རྩེ་རྔ་འཆམ་འདི་ ཞི་བ་དང་ཁྲོ་བའི་ལྷ་ཚོགས་ཀྱི་གར་འཆམ་ཕུལ་ཕྱིན་པ་ཅིག་ལུ་ ངོས་འཛིན་འབདཝ་ཨིན་མས།
རྒྱུན་སྤེལ་ཐབས་རིག།
དགྲ་མེད་རྩེ་རྔ་འཆམ་འདི་ལུ་ གར་འཆམ་རྐྱབ་མི་ ༡༦ གིས་ སེམས་ཅན་མ་འདྲཝ་རེ་རེ་གི་ཞལ་འབགཔ་བཙུགསཔ་ཨིན། ཞལ་འབགཔ་ཚུ་ཞི་ཁྲོའི་ལྷ་ཚོགས་མཚོནམ་ཨིན་པས།

དགྲ་མེད་རྩེ་རྔ་འཆམ་གྱི་ཕྱག་མཚན།
- འཆམ་པ་རེ་རེ་བཞིན་གྱི་ཕྱག་ལུ་ཡོད་པའི་ རྔ་དང་རྔས་ཏོག་གི་བརྡ་མཚོན་ཡང་ སྤྱིར་བཏང་རྔ་དེའི་དགོས་དོན་ནི། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག ། ཟེར་འཐོན་དོ་བཟུམ་ ཆོས་ཀྱི་སྒྲ་སྒྲོག་པའི་དོན་ལུ་དང་ གཉིས་པ་ལུ་ ལྷ་ཚོགས་ལུ་སྙན་པའི་སྒྲའི་མཆོད་པ། གསུམ་པ་ལུ་ དགྲ་དང་བདུད་ཀྱི་ཕྱོགས་ལས་རྒྱལ་བའི་དགའ་སྟོན་གྱི་རྒྱལ་རྔ་བརྡུང་པའི་དོན་དང་། བཞི་པ་ལུ་སྤྱན་ འདྲེན་གྱི་བསུ་བ་ཞུ་ནི་དོན་ལུ་ ལག་ལེན་འཐབ་ནི་གི་རྔ་བོ་ཆེ། མཆོད་རྔ། རྒྱང་རྔ་དང་རྫ་རྔ་ལ་ སོགས་པའི་དབྱེ་བ་མང་རབས་ཅིག་ཡོད། དགྲ་མེད་རྩེའི་རྔ་འཆམ་ལུ་ ལག་ལེན་འཐབ་མི་འཆམ་རྔ་འདི་ ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་ ཕྱག་རྒྱ་གར་གྱི་མཆོད་པ་གཙོ་བོར་བཏོན་པའི་ཚུལ་ཨིནམ་ལས་ སྒྲའི་མཆོད་པའི་བརྡ་མཚོན་དང་ དེ་ཡང་ རྔ་དེ་ ཤེས་རབ་སྟོང་ཉིད་ཆོས་ཀྱི་དབྱིངས་དང་ རྔས་ཏོག་དེ་ ཐབས་བདེ་བ་ཆེན་པོའི་རང་བཞིན་ ཟུང་འཇུག་བདེ་སྟོང་ཡེ་ཤེས་ཀྱི་མཆོད་པའི་བརྡ་མཚོན་ཨིན།
- རྔ་དང་རྔས་ཏོག་གི་རྩེ་རྒྱན་ དར་སྣ་ལྔ་པོ་དེ་ བདེ་སྟོང་ཡེ་ཤེས་ཀྱི་རང་རྩལ་དོན་དམ་ཡེ་ཤེས་ལྔའི་ངོ་བོ་ ཀུན་རྫོབ་ཏུ་འཕྲིན་ལས་རྣམ་ལྔ་སྒྲུབ་པའི་བརྡ་མཚོན་ཨིན།
- རོལ་མོ་འདི་ སྤྱིར་འཇིག་རྟེན་ལུགས་ལས་ གླུ་དབྱངས་ཀྱི་སྙན་ཆའི་བྱེ་བྲག་ཅིག་ཨིན་རུང་ ཆོས་ཀྱི་ལུགས་ལས་ འདོད་ཡོན་མ་སྤངས་རང་སར་དག་པའི་སྒྲའི་མཆོད་པ་དང་ གཞན་མི་འདི་ མཆོད་པའི་སྙན་ཆ་ འབུད་དཀྲོལ་བརྡེག་གསུམ་སོགས་ཀྱི་བསྐུལ་བྱེད་འགོ་འདྲེན་གྱི་སྙན་ཆ་ གཙོ་བོ་སྦུག་རོལ། སིལ་རོལ་ལ་སོགས་པའི་དབྱེ་བ་མང་རབས་ཅིག་ཡོད།
- དགྲ་མེད་རྩེའི་རྔ་འཆམ་གྱི་འཆམ་མཇུག་ཕྱག་གི་རོལ་མོ་ནི་ འཆམ་པ་ཚུ་གི་ལེའུ་ འགོ་འདྲེན་འཐབ་ནི་གི་བརྡ་རོལ་ཅིག་ཨིན།
དགྲ་མེད་རྩེའི་རྔ་འཆམ་དང་གཅིག་ཁར་ འཆམ་སློབ་ཚུ་གིས་ལག་ལེན་འཐབ་མི་རྔ་དང་རོལ་མོ། དུང་དང་རྒྱ་གླིང་ལ་སོགས་པ་ཚུ་ དང་པ་ ཟངས་མདོག་དཔལ་རིའི་ཕོ་བྲང་ལས་ དཔའ་བོའི་གར་འཆམ་ སྤྱན་འདྲེན་པའི་གསེར་སྦྲེང་གི་དོན་དང་། གཉིས་པ་གར་སྟབས་ཀྱི་འགྲོས་དང་བསྟུན་ཏེ་ དཔའ་ཞིང་བརྗིད་ པའི་གར་གྱི་ཉམས་རྒྱན་དང་། གསུམ་པ་གར་འཆམ་རྩ་ཚིག་གི་ལེའུ་དང་འཁྲིལ་བའི་ ཞི་བ་དང་ཁྲོ་བོའི་གར་སྟབས་ཀྱི་འགྲོས་ལེན་རམ་འདེགས་དང་ འགོ་འདྲེན་གྱི་བརྡ་མཚོན་ལུ་ ལག་ལེན་འཐབ་ཨིན།
དགྲ་མེད་རྩེ་རྔ་འཆམ་རྐྱབ་ནི་ལུ་ ཁྱད་ཆོས་མ་འདྲཝ་དགོཔ་ལེ་ཤ་ཡོདཔ་ཨིན། འཆམ་རྐྱབ་མི་ཚུ་རབ་བྱུང་པ་ཅིན་ ཧེ་མ་རང་ལོ་གསུམ་ཕྱོགས་གསུམ་མཇུག་བསྡུ་དགོཔ་ཨིན། གལ་སྲིད་དེ་སྦེ་འབད་མ་ཚུགས་པ་ཅིན་ ཉུང་མཐའ་ལུ་སྔོན་འགྲོའི་རིམ་པ་ཚུ་ངེས་པར་དུ་གཏང་དགོཔ་ཨིན། དེ་ལས་རྐྱངམ་གཅིག་ དགྲ་མེད་རྩེ་རྔ་འཆམ་རྐྱབ་ནིའི་ཁྱད་ཆོས་ཚངམ་ཨིན་པས། དེ་གུ་ལུ་ འཆམ་རྐྱབ་མི་ཚུ་ ཕྱིའི་གཟུགས་སྟོབས་སྒྲིང་སྒྲིང་དགོས་པའི་ཁར་ ནང་སེམས་ཀྱི་གཤིས་ལུགས་ཡང་ བཟང་ཞིང་བག་ཕེབས་པ། དམ་ཚིག་གཙང་མ་དགོཔ་ཨིན། དེ་ལས་གཞན་ཡང་ རྔ་འཆམ་འདི་ལུ་ དད་པ་དང་ཡིད་ཆེས་གཙང་མ་དགོཔ་ཨིན་པས།

འཆམ་རྐྱབ་མི་ཚུ་གིས་འཆམ་རྐྱབ་ནིའི་ དུས་མཚམས་ཀྱི་ནང་འཁོད་ལུ་ གཤམ་འཁོད་ཀྱི་དམ་ཚིག་ཚུ་ ཚུལ་བཞིན་དུ་བསྲུང་དགོཔ་ཨིན་པས། དེ་ཡང་
༡) ཞབས་ལྷམ་གྱི་རིགས་བཙུགས་མི་ཆོག།
༢) དོན་མེད་འཁྱལ་གཏམ་སླབ་མི་ཆོག།
༣) མཛུབ་དཀྱིས་བཙུགས་མི་ཆོག།
༤) མཚོན་ཆའི་རིགས་འཆང་སྤྱོད་འབད་མི་ཆོག།
༥) ཆུ་ཚོད་འཁོར་ལོ་དང་ལག་རྒྱན་ཆ་ཅི་རིགས་བཏགས་མི་ཆོག།
༦) བྱུ་རུ་དང་རྒྱན་ཆ་ཅི་རིགས་བཏགས་མི་ཆོག།
༧) དོན་མེད་སེམས་གཡེང་གི་སྤྲོ་བའི་ལཱ་ལ་བརྩོན་མི་ཆོག།
༨) ཆང་གི་རིགས་སྤྱོད་མི་ཆོག།
༩) ཨམ་སྲུ་དང་གཅིག་ཁར་འབྲེལ་བ་འཐབ་མི་ཆོག།
གལ་སྲིད་ འཆམ་པ་ཚུ་གིས་གོང་གི་དམ་བཅའ་ཚུ་ལས་ གང་རུང་གཅིག་ལས་བརྒལ་སོངཔ་ཅིན་ འཆམ་པ་འདི་ལུ་ རྔ་དང་རྔས་ཏོག་ཤོརཝ་ལ་སོགས་པ་དང་ རྐངམ་གུ་འཆམ་དར་དཀྱིས་ཏེ་ རྦོབ་རིལ་འགྱོ་ནི་སོགས་རྐྱེན་ངན་འབྱུངམ་ཨིན་པས། སྐབས་སྐབས་དཔྱད་རིག་མེད་པར་ འཆམ་ཆས་མ་ཚང་པར་གྱོན་ཏེ་ འཆམ་གྱི་ཐང་ནང་ན་འཐོན་ནི་ཚུ་འབྱུང་དོ་ཡོདཔ་ཨིན་པས། འདི་ཚུ་འབྱུང་པ་ཅིན་ འཆམ་པ་གིས་འཐུས་ཤོར་བའི་གྲས་ཁར་བརྩིཝ་ཨིན་པས། འཆམ་རྐྱབ་ནིའི་དུས་མཚམས་གཏན་འབེབས་གྲུབ་པའི་དུས་ཚོད་ཀྱི་ནང་འཁོད་ འཆམ་པ་ཚུ་གི་སླ་ཁ་ལས་ རྒན་ཤོས་ན་ཐོན་མི་གཅིག་ལུ་ སྐུ་དྲུང་གི་འགན་ཁུར་སྤྲོད་དེ་ དུས་སྟོན་མཇུག་མ་བསྡུ་རིང་ འགོ་འདྲེན་དང་ལྟ་རྟོག་ཅི་རིགས་ཁོ་གིས་འབདཝ་ཨིན་མས།

སྤྱིར་དགྲ་མེད་རྩེ་རྔ་འཆམ་འདི་ ད་ལྟོ་ཚུན་ཚོད་ སྒོམ་ཆེན་ཚུ་གིས་རྐྱབ་དོ་ཡོདཔ་ཨིན་པས། དེ་ འབདཝ་ད་ འཆམ་པ་ཚུ་ག་ར་ཉིནམ་གསུམ་གྱི་རིང་ གཤམ་ཐབས་དང་སྟོད་རྩེ་གྱོན་སྡོདཔ་མ་ཚད་ རབ་ཏུ་བྱུང་པའི་དགེ་སྦྱོང་གི་སྒྲིག་གཞི་དང་ དམ་ཚིག་ཚུ་ཡང་ དུས་ཡུན་དེའི་ནང་འཁོད་སྲུངམ་ཨིན་པས། འཆམ་པ་ཚུ་ལུ་ མིང་ཡང་བཙུན་མ་ཟེར་ ཨ་ཎེ་མོའི་ཐ་སྙད་བཏགསཔ་ཨིན་པས། ཨ་ཎེ་མཆོད་རྟེན་བཟང་མོའི་སྐབས་ ཨྱོན་ཐེག་མཆོག་རྣམ་གྲོལ་ཆོས་གླིང་དགོན་པ་ལུ་ ཨ་ཎེམ་རྐྱངམ་གཅིག་ཡོད་པའི་ལོ་རྒྱུས་འདུག། དེ་འབདཝ་ད་ ཤུལ་ལས་སྒོམ་ཆེན་གྱི་སྡེ་རྒྱ་ཆེར་སོངམ་ལས་ ཨ་ཎེ་མོའི་སྡེ་འདི་ ལོག་ཨྱོན་ཐེག་མཆོག་རྣམ་གྲོལ་ཆོས་གླིང་དགོན་པ་ལས་ གྲུབ་ཆུ་དགོན་པར་སྤོ་བཤུད་འབད་དགོཔ་ཐོན་ནུག།

ད་རེས་ འཆམ་པ་ཚུ་སྒོམ་ཆེན་ཨིན་རུང་ དུས་ཆེན་ཚུ་ནང་བཙུན་པའི་ཆས་གྱོན་དགོ་མི་འདི་ དགོན་པ་འདི་ནང་ལུ་ ཧེ་མ་བཙུན་མའི་སྡེ་ཡོད་པའི་བརྡ་མཚོན་དང་ ད་རེས་ནངས་པ་ཡང་ དགོན་པ་འདི་ནང་ སྒོམ་ཆེན་ཚུ་ལུ་བཙུན་མའི་ཐ་སྙད་ཡོད་མི་འདི་ རྒྱུ་མཚན་འདི་ལུ་བརྟེན་ཏེ་ཨིན་པས། དགྲ་མེད་རྩེ་རྔ་ འཆམ་འདི་ལུ་ ལེའུ་མ་འདྲཝ་ཁལ་གཅིག་དང་གཅིག་སྦེ་རྐྱབ་སྲོལ་ཡོད། འདི་ཡང་

༡) འཐོན་འཆམ།
༢) ས་གིང་།
༣) བར་གིང་།
༤) གནམ་གིང་།
༥) སྟག་ཚང་ལམ་འགྲོས།
༦) སྤྲོས།
༧) སྦྲུལ་མགོ་འཕང་རིལ།
༨) པདྨ་གླིང་པའི་ལམ་འགྲོས།
༩) འུག་པ་གླིང་པའི་ལམ་འགྲོས།
༡༠) སངས་རྒྱས་གླིང་པའི་ལམ་འགྲོས།
༡༡) མཚོ་སྐྱེས་བདག་བསྐྱེད།
༡༢) དང་པ་ལོག་གཅིག་པ།
༡༣) གཉིས་པ་ཕག་མགོ།
༡༤) གསུམ་པ་ཕྱི་ནང་།
༡༥) བཞི་པ་ཀྲེག་ཀྲེག།
༡༦) ལྔ་པ་ཁྱི་མགོ།
༡༧) དྲུག་པ་དོམ་མགོ།
༡༨) བདུན་པ་ཀྲེག་ཀྲེག།
༡༩) ཕྱི་ནང་།
༢༠) དགུ་པ་སྟག་མགོ།
༢༡) འཛུལ་འཆམ།
གཡུས་སྒོ་ཚུ།/མི་སྡེ་ཚུ།
ཧེ་མ་འབད་བ་ཅིན་ ཀྲོང་གསར་དང་སྤ་རོ། ཐིམ་ཕུག་རྫོང་ཁག་ཚུ་ནང་ ཚེས་བཅུ་འགོ་དང་པ་བཙུགས་པའི་སྐབས་ དགྲ་མེད་རྩེ་རྔ་འཆམ་འདི་ མི་དབང་མངའ་བདག་རྒྱལ་པོའི་ཕྱག་ཞུ་མི་ འབོད་སྒརཔ་ཚུ་གིས་རྐྱབ་ཡོདཔ་ཨིན་རུང་ ཧེ་མ་ལས་ ཚེས་བཅུ་བཙུགས་ཏེ་ཡོད་མིའི་དགོན་སྡེ་ཚུ་དང་ གཡུས་ཚན་ཚུ་ནང་དགོན་སྡེ་རང་རང་སོ་སོའི་དགེ་སློང་དང་སྒོམ་ཆེན། གཡུས་ཚན་ཁག་གི་མི་སེར་གྱིས་རྐྱབ་སྟེ་སྡོད་ནུག། ད་རེས་ནངས་པ་ རྒྱལ་ཁབ་ཀྱི་རྫོང་ཁག་ག་ར་ནང་ ཚེས་བཅུ་བཙུགས་ཡོད་པའི་ཁར་ དགྲ་མེད་རྩེ་རྔ་འཆམ་འདི་ རྫོང་ཁག་རང་རང་སོ་སོའི་མི་སེར་གྱི་གྲས་ལས་ ན་གཞོན་ཚུ་བཙག་འཐུ་འབད་དེ་ འཆམ་གྱི་སྦྱང་བ་མཐིལ་ཕྱིན་བྱིན་ཞིནམ་ལས་རྐྱབ་ཨིན། དེ་ལས་དགོན་སྡེ་ཁག་དང་ གཡུས་ཚན་ཁག་སོ་སོའི་ནང་ ཚེས་བཅུ་བརྩི་སྲུང་འབད་སྲོལ་ཡོད་མི་ཚུ་གི་ནང་ ད་རེས་ནངས་པ་ཡང་ དགྲ་མེད་རྩེ་རྔ་འཆམ་འདི་ དགོན་སྡེ་དང་གཡུས་ཚན་སོ་སོའི་དགེ་ སློང་དང་སྒོམ་ཆེན། དེ་ལས་ གཡུས་ཚན་ཁག་གི་མི་སེར་གྱིས་ར་རྐྱབ་ཨིན།

ཞིལ་འཚོལ་འབད་མི། སློབ་དཔོན་ཀུན་བཟང་རྡོ་རྗེ། རྒྱལ་གཞུང་ཟློས་གར་ལྟེ་བ།
ཡུ་ནེསི་ཀོ་གི་ཐོ་བཀོད་རིགས།
འགྲོ་བ་མིའི་དངོས་མེད་ལམ་སྲོལ་གྱི་མཚོན་བྱེད་ཐོ་ཡིག།
ཡུ་ནེསི་ཀོ་གི་ནང་ལུ་ཐོ་བཀོད་གྲུབ་པའི་ལོ།
2008
བརྡ་དོན་འབྱུང་ཁུངས།